རྒྱ་མིའི་གསར་འགོད་པ་ཚོར་གསར་འགོད་རང་དབང་སྤྲོད་དགོས།
2008.10.18
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པ་ཚོའི་གསར་འགོད་རང་དབང་གི་ཐོབ་ཐང་ཆེ་རུ་གཏང་རྒྱུའི་གསལ་བསྒྲགས་བྱས་པར་གཟའ་སྤེན་པའི་ཉིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་ཁག་གིས་དྭོགས་ཟོན་ལྡན་པའི་དགའ་བསུ་བྱས་པ་དང་དུས་མཚུངས་གསར་འགོད་རང་དབང་གི་ཐོབ་ཐང་དེ་རིགས་རྒྱ་ནག་རྒྱལ་ནང་གི་གསར་འགོད་པ་ཚོར་ཡང་སྤྲོད་དགོས་པའི་འབོད་བསྐུལ་བྱས་འདུག
གཟའ་པ་སངས་མཚན་མོ་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་སྔོན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའི་རྒྱ་ནག་ནང་གསར་འགོད་རང་དབང་གི་ཐོབ་ཐང་ཆེ་རུ་གཏང་རྒྱུའི་དུས་བཀག་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་དུས་འགྱང་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་ཅིང་ཐོབ་ཐང་དེའི་འོག་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གི་ཆོག་མཆན་བཀའ་ཁྲོལ་ཞུ་མི་དགོས་པའི་ཐོག་ནས་རྒྱ་ནག་ནང་གནས་སྡོད་རྒྱ་མི་ཚོར་དྲི་བ་དྲི་ལན་བྱེད་ཆོག་གི་ཡོད་པ་རེད་ ཁྲིམས་གཞི་དེ་ཨོ་ལིམ་པིག་རྩེད་འགྲན་སྐབས་གསར་འགོད་ཀྱི་ལས་གཞིར་དམགིས་ཏེ་འདི་ལོ་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་པ་ཞིག་ཡིན་པ་དང་དུས་བཀག་ཚད་གཞི་དེ་ཕྱི་ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གཙང་གི་ཡོད་པ་རེད་ འོན་ཀྱང་ད་ཆ་ཁྲིམས་གཞི་དེ་མུ་མཐུད་ལག་བསྟར་བྱ་རྒྱུའི་ཐག་གཅོད་དེས་རྒྱ་ནག་རྒྱལ་ནང་གི་གསར་འགོད་པ་ཚོའི་ཐོག་བཀལ་བའི་དམ་བསྒྲགས་ཁག་ཆུང་དུ་འགྲོ་རྒྱུར་ཤུགས་རྐྱེན་གང་ཡང་འབྱུང་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག དེར་བརྟེན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པའི་འགན་འཛིན་ཤེ་རེན་ཧོམ་གྱིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ལ་བརྩི་སྲུང་དགོས་ཀྱི་རེད་ཅེས་དང་རྒྱ་ནག་གི་རྩ་ཁྲིམས་ནང་གསར་འགོད་རང་དབང་གི་ཐོབ་ཐང་ལ་བརྩི་བཀུར་བྱ་རྒྱུ་ཞེས་གསལ་བའི་ཐོབ་ཐང་དེ་དག་རྒྱ་ནག་རྒྱལ་ནང་གི་གསར་འགོད་པ་དང་རྩོམ་བྲིས་པ་ཚོས་རྩོད་ལེན་བྱེད་ཚེ་ཁོང་ཚོའི་ཐོག་ཉེས་ཆད་ཆེན་པོ་འཕོག་རྒྱུའི་ཉེན་ཁ་མུ་མཐུད་གནས་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐད་ཀྱི་ཞིབ་འཇུག་པ་ཌེ་ལྦིཌི་སྦ་ནར་སི་ཀི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པའི་ཐོབ་ཐང་ཆེ་རུ་གཏང་རྒྱུའི་ཐག་གཅོད་འདི་ནི་རྒྱལ་སྤྱིའི་ནང་གི་རྒྱ་ནག་གི་ཆེ་ཐོངས་གོང་འཕེལ་གཏང་ཐབས་ཁོ་ནའི་ཆེད་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད༎