རྒྱ་གར་ནང་གཏེར་ཁ་བསྔོག་འདོན་གྱི་ཐད་སྐྱོན་བརྗོད་།

རྒྱ་གར་ནང་ཁོར་ཡུག་དང་འཕྲོད་བསྟེན་སོགས་ལ་བརྩི་མེད་རྡོག་རོལ་བཏང་ནས་གཏེར་ཁ་བསྔོག་འདོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག

2012.06.14

༄༅༎རྒྱ་གར་ནང་ཁོར་ཡུག་དང་འཕྲོད་བསྟེན་སོགས་ལ་བརྩི་མེད་རྡོག་རོལ་བཏང་ནས་གཏེར་ཁ་བསྔོག་འདོན་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ལྷོ་ཨེ་ཤ་ཡའི་ལས་དོན་གྱི་འགན་འཛིན་མི་ནཀ་ཤི་གང་གུ་ལི་ཡིས་དེང་སང་རྒྱ་གར་ནང་ཚོང་དོན་ཚན་པ་ཆེ་ཁག་ཚོས་མི་མང་གི་འཚོ་བ་དང་། འཕྲོད་བསྟེན། ཁོར་ཡུག་སོགས་ལ་བརྩི་མེད་ཀྱིས་ཁྲིམས་མེད་ལུང་མེད་ཀྱི་ཐོག་ནས་གཏེར་ཁ་བསྔོག་འདོན་བྱེད་ཀྱི་ཡོད་པ་དེ་ནི་གཞུང་གི་ངོས་ནས་རྟོག་ཞིབ་ནན་པོ་མ་བྱས་པར་ལྷོད་གཡེང་དུ་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་རེད་ཅེས་གསུངས་འདུག ཚོགས་པ་དེས་ཞིབ་འཇུག་བྱེད་པའི་སྐབས། ལྕགས་ཀྱི་གཏེར་ཁ་བསྔོགས་འདོན་བྱེད་ཡུལ་གཙོ་བོ་རྒྱ་གར་ལྷོ་ནུབ་མངའ་སྡེ་ཀར་ན་ཀྲ་ཀ་དང་། གྷོ་ཝ་གཉིས་ཀྱི་ནང་ཞིང་པ་མི་གྲངས་བརྒྱད་བཅུ་ཙམ་ལ་འདྲི་བརྩད་བྱེད་དུས། ཁོང་ཚོས་གཏེར་ཁ་བསྔོག་བཏོན་བྱས་ནས་འོར་འདྲེན་ཡང་སེ་བྱེད་ཀྱི་ཡོད་པ་དེས་ཞིང་ཁའི་སྟེང་རྡུལ་སྙིགས་མང་པོ་འབབ་པ་དང་། ཁང་པ་དང་། སློབ་གྲྭ་ཁག་གི་ཐོག་ལའང་རང་བཞིན་གྱི་འཕྲོད་བསྟེན་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་ནི་བརྗོད་མི་དགོས་པ་རེད་ཅེས་བསམ་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག གནས་ཚུལ་འདི་རིགས་མངའ་སྡེ་འདི་གཉིས་ཙམ་མ་ཡིན་པར་མང་ཆེ་བའི་ནང་དཀའ་ངལ་འཕྲད་ཀྱི་ཡོད་རེད། འོན་ཀྱང་རྒྱ་གར་གཞུང་ནས་རྒྱ་གར་རྒྱལ་ཡོངས་སུ་གཏེར་ཁའི་རིགས་ ༢༦༠༠ ཙམ་བསྔོག་འདོན་བྱེད་ཡུལ་ཁག་ལ་ནན་པོའི་ཐོག་ནས་ཞིབ་འཇུག་བྱེད་ཀྱི་མེད་པའི་ཁར་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་དག་ཅིག་ལྷག་གི་ཡོད་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། སྤྱིར་བཏང་རྒྱ་གར་ནང་ཉེ་བའི་ཆར་ནས་གཏེར་ཁ་བསྔོག་འདོན་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་མི་སྣ་དང་། ཚོང་པ་ཆེ་ཁག་མང་པོ་ཞིག་ཐོག་ལྐོག་ཟའི་གནས་ཚུལ་ཐོན་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་མང་པོ་བྱུང་ཡོད་ཀྱང་། དེ་དག་གི་ཐོག་དངོས་སུ་ཞིབ་མཇུག་བྱེད་རྒྱུར་དུས་ཡུན་འགོར་གཞི་ཆེ་དྲག་པའི་རྐྱེན་གྱིས་མི་མང་དཀྱུས་མ་ཚོའི་འཚོ་བ་དང་འཕྲོད་བསྟེན་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎