རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གི་ལྟ་ཚུལ།
2008.07.03
༄༅༎རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་ ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་གོ་སྐབས་འཛིན་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་ནས་མི་སེར་གྱི་རང་དབང་གི་གནས་སྟངས་བཟང་དུ་གཏོང་རྒྱུར་དམིགས་པའི་ལས་འགུལ་ཐོབ་གྲུབ་འབྲས་ཐོན་རྒྱུ་ལས་ གནོད་སྐྱོན་ཡོད་སྲིད་པའི་སྐོར་དགོངས་ཚུལ་བཏོན་པའི་གནས་ཚུལ་ཐོན་འདུག་།
དེ་ཡང་ཨ་མི་རི་ཀའི་སྦུརུ་ཀིང་ཞུས་པའི་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་རི་ཆ་ཌི་སྦུཤ་ཡིས་གསུངས་དོན་ལྟར་ན་ ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་པེ་ཅིང་ཨོ་ལིམ་པིག་གི་གོ་སྐབས་འཛིན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་རུང་ དེ་འདྲའི་ལས་འགུལ་གྱིས་རྒྱ་ནག་གི་མི་མང་ལ་སེམས་འགུལ་ཐེབས་རྒྱུའི་ཚབ་ཏུ་ སྡང་སེམས་དང་ ཁོང་ཁྲོའི་རྒྱུ་རྐྱེན་དུ་གྱུར་ནས་ འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་བྱེད་མཁན་རྒྱ་ནག་གཞུང་དང་མི་སེར་གཉིས་གཅིག་བསྒྲིལ་གྱི་རྣམ་པ་དེ་ཤུགས་ཆེ་རུང་འགྲོ་སྲིད་པའི་དགོངས་ཚུལ་བཏོན་གནང་འདུག་།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་རྒྱ་ནག་གི་ཨོ་ལིམ་པིག་གི་གོ་སྐབས་འཛིན་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་ནས་འགྱུར་བ་གཏོང་ཐབས་བྱེད་མཁན་ བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ རྒྱ་ནག་ནང་གསར་འགོད་རང་དབང་ཚོགས་པ་དང་ ཆབ་སྲིད་བཙོན་པའི་ཐོབ་ཐང་ཚོགས་པ་དང་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་ རྒྱ་ནག་གི་ཆབ་སྲིད་དང་ལྟ་སྤྱོད་མ་མཐུན་པའི་མི་སྣའི་ཚོགས་པ་སོགས་ཀྱིས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་ནས་བཟང་ཕྱོགས་ཀྱི་འགྱུར་བའི་རེ་བ་གནང་མཁན་མང་པོ་ཡོད་པ་རེད་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་རྣམས་ཀྱི་དགོངས་ཚུལ་ལ་ངོས་ལེན་མེད་པ་དང་ ཁོང་རྣམས་ཀྱིས་ རྒྱ་ནག་གི་ཨོ་ལིམ་པིག་མགྲོན་བདག་གི་གོ་སྐབས་དེ་རྒྱ་ནག་ནང་མི་སེར་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་རྒྱུའི་ཁས་ལེན་དམ་བཅའ་ཐོག་ནས་ཐོབ་པ་ཞིག་ཡིན་དུས་ རྒྱ་ནག་ཐོག་གནོན་ཤུགས་སྤྲད་པ་ཡིན་ན་གྲུབ་འབྲས་ཐོན་དགོས་པའི་ཡིད་ཆེས་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།