བོད་དོན་རྒྱབ་སྐྱོར་བ་ཞིག་ལ་འཇར་མན་གྱི་ཆེ་མཐོའི་གཟེངས་རྟགས་འབུལ་འདུག
2018.12.10

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Richard Gere)་མཆོག་ལ་འཇར་མན་གྱི་ཆེ་མཐོའི་གཟེངས་རྟགས་འབུལ་འདུག
དེ་ཡང་བོད་གནས་བསྐྱར་ཞིབ་(Tibetan Review)་དྲྭ་གནས་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཚེས་བདུན་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་(Richard Gere)མཆོག་ལ་འཇར་མན་གྱི་ཆེས་མཐོའི་གཟེངས་རྟགས་ཞིག་འབུལ་བཞེས་གནང་ཡོད་པ་དང་། གོང་དུ་ཞུས་པའི་གཟེངས་རྟགས་འདི་བཞིན་སྐུ་ཞབས་(Richard Gere)མཆོག་ནས་སྐུ་ཚེ་ཧྲིལ་པོ་འགྲོ་བ་མིའི་ཐོབ་ཐང་དང་། དྲང་བདེན་མེད་པའི་མི་མང་ཚོའི་དཀའ་ངལ་སེལ་ཐབས་སུ་ཕྱག་ལས་གནང་བའི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་ཚུལ་དུ་འབུལ་གྱི་ཡོད་ལུགས་བཀོད་འདུག
གཟེངས་རྟགས་འདི་བཞིན་འཇར་མན་གཞུང་དང་ཚོགས་པ་གཞན་ཁག་ཅིག་མཉམ་སྦྲེལ་གྱིས་གོ་སྒྲིག་ཞུ་གི་ཡོད་པ་ཞིག་ཡིན་འདུག་ལ་འཇར་མན་ཙམ་མ་ཡིན་པར་ཡོ་རོབ་ཁྱོན་ཡོངས་སུ་གོང་ཞུས་གཟེངས་རྟགས་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་མཐོ་ཤོས་གྲས་ཞིག་ཀྱང་ཡིན་འདུག དེ་དང་ཕྱོགས་མཚུངས་འདི་ལྟ་བུའི་གཟེངས་རྟགས་སྡེ་ཚན་ལྔར་དབྱེ་ཡོད་པའི་ཁོངས་སུ་འགྲན་བརྩོད་ནང་མི་གྲངས་བརྒྱད་བརྒྱ་ཙམ་ཡོད་པའི་ཁོངས་ནས་སྐུ་ཞབས་རི་ཅདྲ་གྷི་ཡར་མཆོག་གི་འགྲོ་བ་མིའི་ཐོབ་ཐང་དང་སྡུག་སྦྱོང་མནར་བཅོད་འོག་གནས་པའི་མི་མང་གི་བདེ་རྩར་ཞབས་འདེགས་ཞུ་མཁན་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་ངོས་འཛིན་ཞུས་པ་ཞིག་ཡིན་པ་རེད།
ད་རེས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་འབྲེལ་ཡོད་མི་སྣ་༢༠༠༠ ཙམ་བཅར་ཡོད་པའི་ཐོག་དམིགས་བསལ་འཇར་མན་གྱི་སྲིད་འཛིན་ཟུར་པ་དང་འཇར་མན་གཞུང་གི་བློན་ཆེན་ཁག་ཅིག་ཀྱང་ཕེབས་ཡོད་འདུག
སྐུ་ཞབས་རི་ཅདྲ་གྷི་ཡར་མཆོག་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་ཙམ་མ་ཡིན་པར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད། ལྷག་པར་དུ་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ནང་གི་གནས་སྟངས་འཛམ་གླིང་ལྡེང་ཆའི་སྟེང་གོ་རྟོག་སྤེལ་གནང་མཁན་གྱི་མི་སྣ་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།