བོད་དོན་རྒྱབ་སྐྱོར་བ་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་རི་ཆཌ་ཨམ་མི་ཏཱ་ཇི་ལགས་དགུང་ལོ་ ༧༩ ཐོག་འདས་གྲོངས་སུ་གྱུར་འདུག

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་རི་ཆཌ་ཨམ་མི་ཏཱ་ཇི་(Richard Armitage)ལགས་དགུང་ལོ་ ༧༩ ཐོག་འདས་གྲོངས་སུ་གྱུར་འདུག་ཅིང་། ཚེ་འདས་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལྷན་བོད་དོན་གླེང་སློང་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་རི་ཆཌ་ཨམ་མི་ཏཱ་ཇི་ལགས་དགུང་ལོ་ ༧༩ ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་འབྲེལ་ཡོད་མང་པོས་ཁོང་གིས་མང་གཙོ་དང་། ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་དུ་ཞི་བདེ་ཡོང་ཆེད་མཛད་རྗེས་ཕྱིར་དྲན་གྱིས་འདས་པོ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག
རི་ཆཊ་ཨམ་མི་ཏཱ་ཇི་དང་། བོད།
རི་ཆཊ་ཨམ་མི་ཏཱ་ཇི་ལགས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བོད་མིར་རྒྱབ་སྐྱོར་ལས་གཞིར་མཉམ་ཞུགས་སྣེ་ཁྲིད་གནང་བ་ནས་བཟུང་བོད་དོན་དང་འབྲེལ་བ་བྱུང་ཞིང་། དེ་རྗེས་ཁོང་གིས་གོ་སྐབས་ནམ་བྱུང་ལ་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད།
ཕྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༡༠ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་པའི་རྗེས་ཨམ་མི་ཏཱ་ཇི་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཚོགས་འདུ་ཞིག་ཐོག་ལྷན་ཞུགས་ཀྱིས། བོད་དོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྣམས་པའི་བརྡ་ལན་དེ་དག་ཆབ་སྲིད་ཚོགས་པ་གཅིག་ཁོ་ནའི་གནད་དོན་མ་རེད། ཝ་ཤིང་ཀྲོན་ནང་དུ་དེ་ཉིད་ཆབ་སྲིད་ཚོགས་པ་དང་གཞུང་གི་གནད་ཡོད་དཔོན་རིགས་ཐུན་མོང་གི་རྒྱབ་སྐྱོར་ཡོད། ཅེས་གསུངས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༠༡ ཟླ་བ་ ༥ ཚེས་ ༢༢ ཉིན་སྐབས་དེའི་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཡིན་པ་རི་ཆཌ་ཨམ་མི་ཏཱ་ཇི་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་ཅིང་། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀོ་ལིན་པོ་ཝལ་ (Colin Powell)ལགས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དྲུང་ལས་པའུ་ལ་ཊོབ་སི་རིན་ཀེ་ ( Paula Dobriansky)ལགས་ཀྱང་ལྷན་ཞུགས་ཐོག་བོད་ནང་གི་གནས་སྟངས་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད། ཕྱི་སྲིད་དྲུང་ཆེ་པོ་ཝལ་ལགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། སྐད་ཡིག ཆོས་ལུགས་རྒྱུན་འཛིན་དང་། བོད་ནང་གི་ཆོས་དད་རང་དབང་གོང་འཕེལ་གཏོང་བར་ལས་དོན་གནང་འདོད་ཡོད་པ་གསུངས། ཚོགས་འདུ་དེ་དག་གི་རྗེས་འབྲས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤུ་མཆོག་བར་མཇལ་འཕྲད་བྱུང་ཡོད་ལ། མཇལ་འཕྲད་དེར་རྒྱ་ནག་གཞུང་གིས་མ་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
དེ་མ་ཟད་དྲུང་གཞོན་རི་ཆཌ་ཨམ་མི་ཏཱ་ཇི་ལགས་ཀྱིས་ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༢ ནང་རྒྱ་ནག་ཏུ་ཕྱོགས་བསྐྱོད་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལི་ཀྲའུ་ཤིང་(Li Zhaoxing)དང་ཐུག་འཕྲད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་གྲོས་མོལ་ལ་ཕེབས་ཕྱོགས་ཐད་གྲོས་མོལ་གནང་བ་དང་སྦྲགས། རྒྱ་ནག་གཞུང་ངོས་ནས་བོད་མི་ཚོས་ཞི་བདེའི་སྒོ་ནས་རང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནད་དོན་གླེང་སློང་བྱས་པར་འཇུ་བཟུང་བྱས་པ་རྣམས་གྲོད་བཀྲོལ་དགོས་པའི་རེ་སྐུལ་གནང་ཡོད།
རི་ཆཌ་ཨམ་མི་ཏཱ་ཇི་དང་། ཐའི་ཝན།
ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤུ་མཆོག་གི་སྲིད་འཛིན་དུས་ཡུན་སྐབས་མཐོ་རིམ་ལས་གནས་ཐོག་ཞབས་ཞུ་སྒྲུབ་མྱོང་མཁན་རི་ཆཊ་ཨམ་མི་ཏཱ་ཇི་ལགས་ནི་མང་གཙོ་དང་ཐའི་ཝན་གླིང་ཕྲན་ནང་ཞི་བདེ་ཡོང་བར་རྒྱབ་སྐྱོར་གཡོ་མེད་གནང་མཁན་ཞིག་ཡིན་པ་དང་། དེ་སྔ་ཁོང་གིས་ཨ་རིའི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་དུ་རྒྱལ་སྲུང་དང་། ཕྱི་སྲིད་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་ཆེད་འགན་ཁུར་བཞེས་མྱོང་འདུག
ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གཟའ་མིག་དམར་ཉིན་གསལ་བསྒྲགས་སྤེལ་ཏེ། "ཐའེ་ཝན་མཚོ་འགག་ནང་ཞི་བདེ་ཡོང་བ་དང་། མང་གཙོར་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཞིག་ཡིན་པས། ཨམ་མི་ཏཱ་ཇི་ནི་ལགས་ནི་ཐའེ་ཝན་གྱི་གལ་ཆེ་བའི་གྲོགས་པོ་ཞིག་ཡིན་པ་མ་ཟད། ཨ་རི་དང་ཐའེ་ཝན་གྱི་འབྲེལ་བ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལ་མཛད་རྗེས་གལ་ཆེན་བཞག་ཡོད།" ཅེས་བརྗོད་འདུག
རྒྱ་ནག་གིས་ཐེ་ཝན་ནི་རང་གི་མངའ་ཁུལ་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་དང་སྦྲགས། ཐེ་ཝན་ལ་དམག་དོན་དང་ཕྱི་འབྲེལ་ཐོག་གནོན་ཤུགས་ཇེ་ཆེར་འཕྲད་བཞིན་ཡོད་ཅིང་། རི་ཆཊ་ཨམ་མི་ཏཱ་ཇི་ལགས་ཀྱི་ཞུ་གཏུག་རྒྱབ་སྐྱོར་འོག་ཐེ་ཝན་དེ་བཞིན་རྒྱལ་སྤྱིའི་གྲོས་གཞིར་གནས་པ་མ་ཟད། མཐུན་གྲོགས་གལ་ཆེ་བ་ཨ་རི་སོགས་དང་འབྲེལ་བ་སྲ་བརྟན་གཏང་བ་བརྒྱུད་ཐའི་ཝན་གྱི་མང་གཙོ་དང་བདེ་འཇགས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐབས་འཚོལ་བྱ་རྒྱུར་ཕན་ཐོགས་བྱུང་ཡོད།
རི་ཆཌ་ཨམ་མི་ཏཱ་ཇི་ལགས་ལགས་ཀྱིས་ལོ་མང་རིང་ཐེ་ཝན་གྱི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྣམས་དང་འབྲེལ་མོལ་གནང་ཡོད་ལ། ལྷག་པར་སྲིད་འཛིན་ཚེའེ་ཨིང་ཝེན་དང་བདམས་ཐོན་སྲིད་འཛིན་ལའེ་ཆིང་ཊེ་གཉིས་ཀའི་ལས་ཁུར་དམ་བཅའི་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། གོ་མིང་ཏང་གི་སྲིད་འཛིན་ཟུར་པ་མ་ཡིང་ཇིའོ་( Ma Ying-jeou)ལྷན་དུའང་ཐད་ཀར་གྲོས་མོལ་གནང་མྱོང་ཡོད།
ཁོང་གིས་ཆབ་སྲིད་ཚོགས་དབྱེར་མེད་ཀྱིས་འབྲེལ་མོལ་གནང་བར་བརྟེན། ཐེ་ཝན་གྱི་ནང་ཁུལ་ཆབ་སྲིད་ཀྱི་འགྱུར་ལྡོག་ཇི་བྱུང་ལ་མ་ལྟོས་པར་ཝ་ཤིན་ཊོན་དང་ཐའེ་པེའི་དབར་གྲོས་མོལ་མུ་མཐུད་གནས་པ་བྱུང་ཡོད།
ཐབས་བྱུས་དང་རྒྱལ་སྤྱི་རིག་པའི་ལྟེ་གནས་ཁང་གི་ཉམས་ཞིབ་པ་རྒན་པ་ཟུར་པ་ཨ་ལེག་ཛན་ཌར་ཧྭང་ལགས་ཀྱིས་འདས་པོ་དེ་ཉིད་ལ་རྗེས་དྲན་དང་འབྲེལ། "ཨམ་མི་ཏཱ་ཇི་ལགས་ལ་ཝ་ཤིན་ཊོན་དུ་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོགས་པོ་ཡོད་པ་མ་ཟད། ཐའེ་པེ་ནང་ལའང་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོགས་པོ་ཡོད།" ཅེས་གསུངས་འདུག །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།