ཨ་རིའི་རླུང་འཕྲིན་ཁང་གཉིས་ལ་དོ་ཕོག་ཕྱིན་པ་དེས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ལ་དོ་ཕོག་ཆེན་པོ་སྤྲད་པ་རེད་ཅེས། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་པ།

2025.03.19
ཨ་རིའི་རླུང་འཕྲིན་ཁང་གཉིས་ལ་དོ་ཕོག་ཕྱིན་པ་དེས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ལ་དོ་ཕོག་ཆེན་པོ་སྤྲད་པ་རེད་ཅེས། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་པ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས། ༢༠༢༥།༠༣།༡༨ ཉིན།
TPiE

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པ་སྟེ། ཟླ་ ༣ ཚེས་ ༡༩ ཉིན་གྱི་ཉིན་རྒྱབ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ། ཕྱི་དྲིལ་གྱི་རྒྱུན་གྲོན་ཐོག་སྤྱི་ཡོངས་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་བའི་ནང་།བྱང་ཨ་མི་རི་ཀའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཨ་མི་རི་ཀའི་སྲིད་འཛིན་གྱི་སྲིད་ཇུས་ཐག་གཅོད་དང་བསྟུན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་གནས་སྟངས་ཅི་ཆགས་ཚང་མས་མཁྱེན་གསལ་ཡིན་པ་དང་། བརྒྱུད་ལམ་དེ་གཉིས་ནི་བོད་ཕྱི་ནང་ཕན་ཚུན་གྱི་གནས་ཚུལ་སྤེལ་རེས་ཀྱི་བརྒྱུད་ལམ་ཧ་ཅང་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། གནས་ཚུལ་དེ་ལྟར་བྱུང་བ་ནི་བོད་མི་རྣམས་ལ་གྱོང་གུན་ཆེན་པོ་ཡིན་པར་སོང་། ཨ་རིའི་དོན་གཅོད་བརྒྱུད་ས་གནས་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ནས་རོགས་དངུལ་དང་འབྲེལ་ཞུ་གཏུག་གནང་གི་ཡོད་པར། ངེས་པར་དུ་གསར་འགྱུར་བརྒྱུད་ལམ་དེ་གཉིས་མུ་མཐུད་གནས་ཐབས་སུ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། གཟའ་པ་སངས་ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱིས་འཛིན་སྐྱོང་བཀོད་ཁྱབ་ཞིག་ཕེབས་ཏེ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན། དེ་མིན་གྱི་སྒྲིག་འཛུགས་གཞན་བདུན་སྒོ་རྒྱག་རྒྱུའི་བཀོད་ཁྱབ་ཕེབས་པར། འཕྲལ་མར་ཨ་རིའི་དོན་གཅོད་ལ་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ཞུ་གཏུག་དང་དུས་མཉམ་དུ། རླུང་འཕྲིན་ཁང་དེ་དག་སྐོར་ཞུ་གཏུག་དགོས་པའི་བཀོད་མངགས་ཞུས་ཡོད་སྐོར་གསལ་བཤད་གནང་བ་དང་མཉམ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་ལ་དོ་ཕོག་ཕྱིན་པ་དེས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ཐོག་དོ་ཕོག་ཆེན་པོ་དང་རྒྱ་ནག་གཞུང་ལ་ཁེ་ཕན་ཆེན་པོ་སྤྲད་པ་རེད་ཅེས། གྲོས་ཚོགས་སུ་གསལ་བཤད་གནང་སོང་།

གཞན་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་གྱི་ལས་དོན་མཚམས་འཇོག་བྱེད་དགོས་པའི་གནས་སྟངས་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན་པ་དང་། རླུང་འཕྲིན་ཁང་དེ་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་རོགས་དངུལ་མཚམས་འཇོག་གི་ཐད། མུ་མཐུད་འབད་བརྩོན་གནང་བཞིན་ཡོད་ཅེས་གསལ་བཤད་གནང་སོང་།

རྩ་བའི་ཐེངས་འདིར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པའི་ཐོག བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་སྤྱི་ཡོངས་ཀྱི་སྐོར་ལ་བགྲོ་གླེང་གནང་སོང་།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎