ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མཐོང་མཆན་འཛིན་མཁན་ལས་བྱེད་རྣམས་ཀྱང་ཕོགས་མེད་གུང་སེང་ལ་གཏོང་དགོས་བྱུང་བ།
ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM)ཀྱིས་ཕྱི་ཟླ་བཞི་པའི་གྲོས་ཚོགས་ཀྱིས་མཁོ་སྤྲོད་གནང་བའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མུ་མཐུད་མཚམས་འཇོག་བྱས་པར་བརྟེན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཝ་ཤིང་ཊོན་ཌི་སིའི་སྤྱི་ཁྱབ་ལས་ཁུངས་སུ་ལས་དོན་བྱེད་བཞིན་པའི་མཐོང་མཆན་འཛིན་མཁན་གྱི་ལས་བྱེད་ཆ་ཤས་ཤིག་ཐེ་བའི་ལས་བྱེད་སྤྱི་བྱིངས་ཀྱི་ཕོགས་མེད་གུང་སེང་དུས་འགྱངས་བྱེད་དགོས་བྱུང་ཡོད། ལས་མི་དེ་དག་ད་ཆ་ཉིན་གྲངས་ ༦༠ རིང་ཕོགས་མེད་གུང་སེང་གི་ངོ་བོར་གནས་པར་སོང་། ཁོ་ཚོར་ལས་ཀ་སྤྲོད་མཁན་གཞན་ཞིག་མ་བྱུང་ན། རྒྱལ་ཁབ་ནས་ཕྱིར་འབུད་གཏོང་སྲིད་པའི་ཉེན་ཁ་འཕྲད་བཞིན་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཕང་གིས། "ང་ཚོས་ཊམཔ་སྲིད་གཞུང་དང་གྲོས་ཚོགས་ལ་རོགས་རམ་རེ་སྐུལ་ཐེངས་མང་ཞུས་ཡོད་ནའང་། ད་ཆ་ང་ཚོས་ཕྱིར་འབུད་ཉེན་ཁའི་འོག་ཡོད་པའི་ལས་བྱེད་ཚོར་གླ་ཕོགས་མུ་མཐུད་དེ་སྤྲོད་ཐུབ་ཀྱི་མི་འདུག མི་སྣ་འདི་དག་ནི། རང་ཉིད་ཀྱི་རྒྱལ་ཁབ་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ལྷན་མཉམ་ལས་བྱས་པའི་རྐྱེན་གྱིས་དཀའ་སྡུག་མྱོང་སྲིད་པའི་རྒྱལ་ཁབ་ནས་ཡོང་བ་ཞིག་ཡིན་ལ། ཁོང་ཚོས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཁེ་ཕན་མདུན་སྐྱོད་ཡོང་ཆེད་སྒེར་གྱི་དཀའ་ངལ་ཆེན་པོ་བཟོད་བསྲན་བྱས་ཡོད། ཁོང་ཚོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་བསམ་ཡུལ་ལས་འདས་པའི་དཀའ་ངལ་དེ་འཕྲད་འོས་ཞིག་མ་རེད། གྲོས་ཚོགས་ནས་མཁོ་སྤྲོད་གནང་བའི་མ་དངུལ་མེད་པར། ང་ཚོར་གདམ་ཀ་གཞན་མེད། དེ་ནི་དངོས་གནས་སེམས་ཕམ་དགོས་པ་ཞིག་རེད།" ཅེས་གསུངས།
ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གི་ལས་ཀར་གཞི་བཅོལ་བའི་མཐོང་མཆན་འཛིན་མཁན་མི་གྲངས་ ༤༠ ཙམ་ཡོད་ཅིང་། རྒྱ་ནག་དང་། ཝིཡེཏ་ནམ། ཁམ་བོ་ཌི་ཡ་སོགས་རྒྱལ་ཁབ་ཁག་གིས་རྒྱུན་ལྡན་དུ་རང་དབང་གསར་འགོད་པར་དམིགས་འབེན་འཛུགས་ཀྱི་ཡོད་པ་མ་ཟད། གསར་འགོད་པ་རྣམས་བཙོན་འཇུག་ཀྱང་བྱེད་ཀྱི་ཡོད། ཨ་རིས་མ་དངུལ་མཁོ་སྤྲོད་གནང་བཞིན་པའི་བརྒྱུད་ལམ་ཁག་དང་འབྲེལ་བའི་གསར་འགོད་པ་བཅུ་གཅིག་ཕྱི་རྒྱལ་དུ་བཙོན་ཁང་ནང་ཡོད། དེའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཤིན་དེ་ཝི་ནི་ (Shin Daewe)འབར་མར་ལོ་ ༡༥ བཙོན་འཇུག་བྱས་ཡོད་པ་དང་། དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གསར་འགོད་པ་བཞི་ཝིཡེཏ་ནམ་དུ་བཙོན་འཇུག་བྱས་ཡོད། དེ་རིང་མཐོང་མཆན་འཛིན་མཁན་ཚང་མ་ཕོགས་མེད་གུང་སེང་གི་ངོ་བོར་གཏང་མེད་ཀྱང་། གལ་ཏེ་བདུན་ཕྲག་ཁ་ཤས་ནང་གྲོས་ཚོགས་ཀྱིས་མཁོ་སྤྲོད་གནང་བའི་མ་དངུལ་མ་སྤྲད་ན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བརྒྱུད་རིམ་འདི་མུ་མཐུད་ལག་བསྟར་མ་བྱ་ཐབས་མེད་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༡ ཉིན་ཨ་རིར་གནས་འཁོད་ལས་བྱེད་པའི་བཞི་ཆ་གསུམ་ཕོགས་གུང་གསེང་ལ་གཏོང་དགོས་བྱུང་ཡོད་པ་དང་། དེའི་རྗེས་སུ་བརྒྱུད་རིམ་གསར་པ་འདི་འབྱུང་བ་རེད། ཨ་རིར་ལས་མཚམས་བཞག་པའི་ལས་བྱེད་རྣམས་ཕོགས་མེད་གུང་སེང་གི་ངོ་བོར་གནས་ཡོད་ཀྱང་དུས་ཡུན་ངེས་ཅན་རིང་འཕྲོད་བསྟེན་ཉེན་སྲུང་མུ་མཐུད་སྤྲོད་བཞིན་ཡོད། དེའི་རིང་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལས་ཀར་གཞི་བཅོལ་བའི་མཐོང་མཆན་ཡོད་པའི་ཉེན་ཁ་ཆེ་ཤོས་ཀྱི་ལས་བྱེད་རྣམས་ལ་ཁྲིམས་ལུགས་ཀྱི་གདམ་ཀ་དཔྱད་ཞིབ་བྱེད་སྐབས་ཕྱི་ལོགས་ནས་རོགས་རམ་འཚོལ་སྒྲུབ་ཀྱིས་རམ་འདེགས་བྱེད་བཞིན་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀོ་ལོམ་བྷི་ཡ་རྫོང་གི་ཁྲིམས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱིས་མཁོ་སྤྲོད་གནང་བའི་མ་དངུལ་མུ་མཐུད་རག་ཐབས་སུ་ཁྲིམས་གཏུགས་བྱས་ཡོད། །
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།