གསུམ་བཅུའི་དུས་དྲན་བསླེབས་ལ་ཉེ་བ་དང་བོད་མི་ཚོའི་ཁ་པར་ལ་ལྐོག་ཉན་དང་ལྟ་བཤེར་བྱེད་བཞིན་ཡོད་འདུག

ཕྱི་ཟླ་༣པའི་ཚེས་༡༠་ཉིན་སྟེ་བོད་ཀྱི་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་འབྲེལ། ཕྱི་ཟླ་༣པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་སྤྱི་ཚོགས་དྲ་ལམ་ཁག་ནང་ཞིབ་བཤེར་དང་། བོད་མི་ཚོའི་ཁ་པར་དུ་ཆབ་སྲིད་དང་འབྲེལ་བའི་པར་རིས་དང་གནས་ཚུལ་རིགས་ཡོད་མེད་ལྐོག་ཏུ་ལྟ་བཤེར་དང་། ལམ་འགྲོ་བ་ཚོར་གང་བྱུང་དུ་ཐོབ་ཐང་དཔང་ཡིག་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། བོད་མི་ཚོའི་ཁ་པར་ལ་སྔོགས་བཤེར་རིགས་བྱེད་བཞིན་ཡོད་པ་མ་ཟད་། མི་རེ་རེའི་ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཡོད་མེད་དྲ་རྒྱ་བརྒྱུད་ནས་ལྐོག་ཉན་གྱིས་ལྟ་བཤེར་བྱེད་བཞིན་ཡོད་པ་དང་། ལྷ་ས་ཁུལ་དུ་མི་སྣ་ཁག་ཅིག་ཁ་པར་ནང་བོད་དོན་དང་འབྲེལ་བའི་པར་རིས་ཡོད་པའི་དོགས་གཞིའི་འོག་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པ་དང་། ད་ལྟའི་ཆར་ཤེས་རྟོགས་བྱུང་བ་འཛིན་བཟུང་རིགས་བྱུང་མེད་སྐོར་བརྗོད་བྱུང་།
དེང་སྐབས་བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་ལྷ་ས་ཁུལ་དུ་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། འབྲེལ་ཡོད་ནས་ད་ལྟའི་ཆར་བོད་མི་ཚོའི་ཁྲོད་དུ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གླེང་སློང་བྱེད་ཐུབ་མཁན་མི་སྲིད་པ་ཞིག་ཆགས་ཡོད་པ་དང་། ལྷ་ས་ཁུལ་དུ་ཐོབ་ཐང་དཔང་ཡིག་མེད་པར་ས་གནས་གང་སར་འགྲོ་སྐྱོད་མི་ཆོག་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ལོ་ལྟར་བོད་ཀྱི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་མི་ཚོར་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་འདས་པའི་བདུན་ཕྲག་གཅིག་ཙམ་སྔོན་ནས། རླངས་འཁོར་དང་འཕྲུལ་རིགས་ལ་ཞིབ་བཤེར་ཡིན་སྐོར་བརྗོད་ནས། ལི་ཐང་ཕྱོགས་སུ་བོད་མི་ཚོ་འགྲུལ་སྐྱོད་བྱེད་སྐབས་གང་བྱུང་ཁ་པར་སྔོགས་བཤེར་དང་། ཉེན་རྟོག་པ་ཚོ་ས་གནས་གྲོང་ཚོ་ཁག་ཏུ་འཛུལ་ཡོང་ནས་བོད་མི་ཚོས་འགྲོ་འདུག་ཐད་ལྟ་ཞིབ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་ལྷ་ས་དང་གཞིས་ཀ་རྩེ་གྲོང་ཁྱེར་སོགས་ཀྱི་ས་གནས་གང་སར་ཐོབ་ཐང་དཔང་ཡིག་དང་མི་མང་གི་ཁ་པར་ལ་ཞིབ་བཤེར་དང་། ཁ་པར་སྔོགས་བཤེར་འོག་བོད་རིགས་བུད་མེད་དབྱངས་མཚོ་ལགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་ཤེས་རྟོགས་བྱུང་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་དང་། དེ་བཞིན་བོད་ཀྱི་ལོ་གསར་སྐབས་ལྷ་ས་ཁུལ་དུ་དྲག་ཆས་དམག་མི་འགྲེམས་འཇོག་དང་། ས་གནས་ཁག་ཏུ་མཇལ་བ་ཚོར་ཞིབ་བཤེར་དམ་དྲག་ཤུགས་ཆེར་བྱས་ཡོད་པ་རེད་ལ། གཞན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་དུས་ཚེས་སྟེ་ཕྱི་ཟླ་༣ཚེས་༡༤བསླེབ་ཉེར་སྐབས་བོད་ནང་སྔར་ལས་དམ་དྲགས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།