རྒྱ་ནག་གཞུང་གིས་བོད་ནང་གི་མགོ་ལོག་ཕྱོགས་སུ་དགེ་འདུན་པ་ཚོས་ཁྱིམ་ཚང་ལ་སྐུ་རིམ་དང་ཞབས་བརྟན་འདོན་རྒྱུར་དམ་དྲགས་དང་སྐུ་ཡོན་འབུལ་ཕྱོགས་ཐད་ཚོད་འཛིན་བྱེད་བཞིན་ཡོད་འདུག

ཕྱི་ཟླ་༦ཚེས་༡༣ཉིན་རྒྱ་ནག་གཞུང་འབྲེལ་ངོས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་སྡེ་རྫོང་གི་ས་གནས་དགོན་སྡེ་ཁག་ཏུ། དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལམ་ལུགས་ཞེས་དོན་ཚན་དགུ་ཅན་གྱི་བརྡ་ཁྱབ་ཡི་གེ་ཞིག་བཏང་ཡོད་པའི་ནང་། ཡུལ་དེའི་དགོན་སྡེ་ཁག་གིས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཡངས་སུ་གཏོང་ཆེད།ཆོག་མཆན་མེད་པར་མི་མང་ལ་གང་བྱུང་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པ་དང་། དགོན་པ་ཁག་གིས་སློབ་གྲྭར་འགྲོ་བཞིན་པའི་ལོ་ཆུང་ཕྲུ་གུ་ཚོ་གྲྭ་བཙུན་དང་དགོན་པར་ཞུགས་པར་གཏན་འགག་བྱེད་དགོས་པ་སོགས་བརྗོད་ཡོད་པ་དང་། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་ནས་དེང་སྐབས་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་ཁྱིམ་ཚང་ཁག་ཏུ་ཞབས་བརྟན་འདོན་རྒྱུར་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལ་ཆོག་མཆན་ཞུ་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག
མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་དེ་འབྲེལ་བརྡ་ཁྱབ་ཅིག་སྤེལ་བའི་ནང། དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་ཆོས་ལུགས་བྱེད་སྒོ་སྤེལ་སྐབས། སྤྱིར་བཏང་གི་གྲྭ་བཙུན་གྱིས་ཆོ་ག་འདོན་པའི་སྐུ་ཡོན་ནི་ཉིན་རེར་སྒོར༧༠ལས་བརྒལ་མི་ཆོག་པ་དང་། སྤྲུལ་སྐུ་དང་མཁན་པོ།བླ་མ་བཅས་ཀྱི་ཆོ་ག་བཏོན་པའི་སྐུ་ཡོན་ལ་རྒྱ་སྒོར་༡༣༠ཐག་གཅོད་བྱས་ཡོད་པ་དང་། གནད་དོན་དེ་ནི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཐད་ཀྱི་འགྲོ་སོང་ཇེ་ཉུང་དང་ཚད་ལྡན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན་པ་སོགས་བཀོད་འདུག་ལ།བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། གྲྭ་བཙུན་ཚོར་སྐུ་ཡོན་ཕུལ་མི་ཆོག་པ་དང་གྲྭ་བ་བྱེད་མི་ཆོག་པའི་སྲིད་བྱུས་དེ་ནི་དགོན་སྡེ་ཁག་ཉམས་ཉེས་སུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། ཆོས་ལུགས་ཞབས་བརྟན་བྱེད་པར་སྐུ་ཡོན་འབུལ་མིན་ནི་དད་ལྡན་པ་རང་གི་འདོད་མོས་ལས་བཙན་ཐབས་གང་ཡང་བྱེད་ཀྱི་མེད་པ་འགྲེལ་བརྗོད་གནང་གི་འདུག
ད་ལྟའི་ཆར་ལས་འགུལ་དེ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་དང་། གོང་མ་ཡུལ་ཚོའི་དགོན་སྡེ་ཁག་དང་།པདྨ་རྫོང་གི་ས་གནས་དགོན་སྡེ་ཁག་ཏུ་སྤེལ་བཞིན་ཡོད་པ་དང་། དགའ་སྡེ་རྫོང་ཁོངས་སུ་ལུང་སྐྱ་དགོན།ལུང་སྔོན་དགོན། གཙང་གཞོལ་དགོན།ཤར་འོད་དགོན། གསར་ལྡན་དགོན། རྐྱང་ཆད་དགོན། སྟོང་སྐྱབས་དགོན། བ་ཡན་དགོན་སོགས་ཡོད་འདུག་ལ། ཡང་གཞུང་འབྲེལ་བརྡ་ཁྱབ་དེའི་ནང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་དགོན་པའི་དགེ་འདུན་པ་ཕྱི་རུ་སོང་ནས་ཆོས་འདོན་སྐབས་ངེས་པར་དུ་སྒྲིག་བརྩི་ཁྲིམས་སྲུང་དང་། རྒྱལ་ཁབ་ཀྱི་ལམ་ལུགས་ལ་དགའ་བ་དར་སྤེལ་དགོས་པ་དང་། མི་མང་དབུལ་བོ་ཚོའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་སྐུ་ཡོན་ལེན་མི་ཆོག་པ་སོགས་བརྗོད་ཡོད་པ་དང་། འབྲེལ་ཡོད་བོད་མི་གཞན་ཞིག་ནས་སྤྱིར་ལས་འགུལ་དེ་མགོ་ལོག་ཁུལ་ཡོངས་ཀྱི་དགོན་སྡེ་ཁག་ཏུ་སྤེལ་བཞིན་ཡོད་ཀྱང་། དེང་སྐབས་ཆོས་ལུགས་དང་འབྲེལ་བའི་ཞབས་བརྟན་འདོན་རྒྱུ་དམ་དྲགས་དང་། དར་ལྕོགས་དང་བསང་ཁྲི་འཛུགས་རྒྱུར་བཀག་འགོག་ཤུགས་ཆེར་བྱེད་བཞིན་ཡོད་པ་བརྗོད་བྱུང་།
ཕྱི་ལོ་༢༠༡༩ལོར་མཚོ་སྔོན་ཞིང་ཆེན་གྱིས་ཆོས་ལུགས་སྲོལ་ཡིག་ཟེར་བ་བསྐྱར་བཅོས་དང་གཏན་འབེབ་སྐབས། ཆོས་ལུགས་བྱེད་སྒོ་གང་བྱུང་སྤེལ་མི་ཆོག་པ་དང་། ནར་མ་སོན་པའི་བྱིས་པ་ཆོས་སྒོར་ཞུགས་མི་ཆོག་པ། གཞན་ཡང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བར་ཕྱོགས་ཡོངས་ནས་འབད་བརྩོན་དགོས་པ་སོགས་ཁག་ཅིག་ཁ་སྣོན་བྱས་ཡོད་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གིས་དེ་འབྲེལ་གྱི་ལས་འགུལ་རིམ་པར་སྤེལ་ཡོད་པ་རེད་ལ། ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༡༡་མགོ་ལོག་ཁུལ་པདྨ་རྫོང་གིས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཉུང་དུ་གཏོང་ཐབས་ཞེས་པའི་དཔེ་དེབ་འགྲེམས་སྤེལ་བྱས་ཡོད་པ་རེད་ལ། སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་དང་གདན་ས་ཆེན་པོ་ཁག་ཏུ་གྲྭ་བ་གང་བྱུང་གསར་འཇུག་དང་དགོན་པ་རྒྱ་སྐྱེད་མི་ཆོག་པ། བོད་ཀྱི་དགོན་པ་ཁག་ཏུ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།