ལྷོ་ཨ་ཧྥེ་རི་ཀའི་ནང་བོད་དོན་ངོ་སྤྲོད་ཀྱི་ལྷན་ཚོགས།
2014.11.10

ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཡུལ་དེའི་ནང་བོད་དོན་ངོ་སྤྲོད་ཆེད་གནད་ཡོད་མི་སྣ་དང་ཐུག་འཕྲད་གནང་འདུག
དེ་ཡང་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཡུལ་དེའི་གྲོང་ཁྱེར་ཀེབ་ཊོན་དུ་Inkathaརང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་དུ་བོད་དོན་ངོ་སྤྲོད་ཆེད་ཟླ་བ་སྔོན་མའི་ཚེས་༣༠་ཉིན་ལྷན་ཚོགས་ཤིག་གོ་བསྒྲིགས་གནང་ཡོད་པ་དང་། ལྷན་ཚོགས་དེ་བཞིན་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཧྥེ་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཆེད་བོད་དོན་ངོ་སྤྲོད་ཀྱི་ལྷན་ཚོགས་གོ་བསྒྲིགས་ཞུས་གནང་བ་ཞིག་ཡིན་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཧྥེ་རི་ཀའི་Inkathaརང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་Mangosuthu Butheleziམཆོག་གི་གཙོས་གྲོས་ཚོགས་འཐུས་མི་སྐུ་ཞབས་Narend Singhསོགས་དང་མཇལ་འཕྲད་གནང་འདུག ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་དེང་སྐབས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༩ནས་ད་བར་བོད་ནང་དུ་བོད་མི་གྲངས་༡༣༢ལྷག་གིས་སྐུ་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པའི་སྐོར་དང་། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་གནང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་གསལ་སྟོན་གནང་ཡོད་པ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱོགས་བསྒྲིགས་ཞུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་ཡིག་ཆ་ཁག་འགྲེམས་སྤེལ་གནང་འདུག ཡང་སྐུ་ཚབ་དོན་གཅོད་ཀྱིས་ལྷན་ཚོགས་དེའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༡ལོ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་གནང་ཡོད་སྐོར་ཞིབ་ཕྲ་ངོ་སྤྲོད་ཞུས་གནང་ཡོད་པ་རེད། ཐེངས་དེར་སྐུ་ཚབ་དོན་གཅོད་གྲོང་ཁྱེར་ཀེབ་ཊོན་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་བོད་དོན་རྒྱབ་སྐྱོར་བ་མི་སྣ་གྲགས་ཅན་ཁག་ཅིག་དང་ལྷན་དུ་ཡང་མཇལ་འཕྲད་གནང་འདུག
གསར་འགོད་པ་དབྱངས་སྒྲོལ།