སུ་ཝི་ཌེན་གྲོས་ཚོགས་ནང་བོད་དོན་གླེང་ཐབས་གནང་རོགས།
2016.11.30

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་སུ་ཝི་ཌེན་ལ་ཕེབས་ནས་གྲོས་ཚོཊ་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་མོལ་གནང་འདུག
དེ་ཡང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་སུ་ཝི་ཌེན Sweden་གྱི་རྒྱལ་ས་Stockholm་ནང་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་༢༡་དང་ ༢༢་ཉིན་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་སུ་ཝི་ཌེན་ཡུལ་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག་པ་མ་ཟད། གྲོས་ཚོགས་ནང་བོད་དོན་གླེང་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
ཕྱོགས་མཚུངས་དོན་གཅོད་ནས་ཡུལ་དེའི་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་ཁུངས་ནང་ཆེད་བཅར་གྱིས་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་ཞུས་འདུག
ཟླ་བ་འདིའི་ཚེས་༡༩་ནས་༢༩་བར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་གནང་འདུག
ཕྱི་ཚེས་༡༩་ཉིན་སྐུ་ཚབ་དོན་གཅོད་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ཚོགས་མི་རྣམས་དང་ཐུག་འཕྲད་གནང་སྟེ་འཆར་ལོ་༢༠༡༧་ལོར་དབྱིན་ཡུལ་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་གཉིས་ཐུན་མོང་ཐོག་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་གོ་བསྡུར་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་ཆོས་འཕེལ་ལགས་ནས་སུ་ཝི་ཌེན་བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ཚོགས་མི་རྣམས་ནས། ད་བར་བོད་དོན་ལས་འགུལ་ཐོག་མཉམ་རུབ་ཚགས་ཚུད་གནང་བར་བསྔགས་བརྗོད་དང་སྦྲགས་འབྱུང་འགྱུར་༢༠༡༧་ལོར་མུ་མཐུད་བོད་དོན་ལས་འགུལ་སྤེལ་སྐབས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་འདུག
༢༠༡༧་ལོ་དེ་ནི་སུ་ཝི་ཌེན་བོད་རིགས་ཚོགས་པ་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་༥༠ ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་སྟབས། བོད་དོན་ལས་འགུལ་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་དེ་བས་འོས་འཚམས་ལྡན་པ་ཞིག་ཡིན་སྐོར་གསུངས་འདུག་ལ། དེ་རྗེས་སྐུ་ཚབ་དོན་གཅོད་ནས་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་པར་ཕ་མ་ཚོས་རང་གི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། གཟའ་མཇུག་སློབ་གྲྭ་སོགས་ནང་ཕྲུ་གུ་ཆེད་མངགས་བཏང་ནས་བོད་ཡིག་སློབ་སྦྱོང་ཐོག་འབད་བརྩོན་ལྷོད་མེད་གནང་དགོས་པའི་འབོད་སྐུལ་གནང་འདུག་པ་དང། ས་གནས་བོད་རིགས་རྣམས་ནས་བོད་དོན་ལས་འགུལ་སྤེལ་སྐབས་ད་ཕན་ལྷག་བསམ་རྣམ་དག་གནང་བར་བསྔགས་བརྗོད་དང་སྦྲགས་སླད་མར་ཡང་བོད་མི་རིགས་ཀྱི་རྩ་དོན་ཆེད་བོད་དོན་བདེན་མཐའ་མ་གསལ་བར་འབད་བརྩོན་མུ་མཐུད་ནས་གནང་དགོས་པའི་སྐུལ་མ་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།