ཉི་ཧོང་གིས་མཚོ་ཁའི་དཔུང་དམག་རྒྱ་བསྐྱེད་དགོས་པའི་སྙན་ཐོ།
2010.07.27
༄༅༎ཉི་ཧོང་གཞུང་གིས་བཙུགས་པའི་ཚོགས་ཆུང་ཞིག་གིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཡུལ་གྱི་མཚོ་ཁར་རྒྱ་ནག་གི་མཚོ་དམག་གི་ལས་དོན་དེ་མང་དུ་འགྲོ་བཞིན་པའི་དབང་གིས་ཉི་ཧོང་གི་མཚོ་ཁའི་དཔུང་དམག་རྒྱ་སྐྱེད་དང་ཡུལ་ནང་རྡུལ་ཕྲན་གོ་མཚོན་འོར་འདྲེན་བྱེད་ཕྱོགས་ཐོག་ཕྲན་བུ་ལྷོད་དུ་གཏོང་དགོས་པའི་དགོངས་འཆར་བཏོན་ཡོད་པ་རེད་
གོང་ཞུས་ཉི་ཧོང་གཞུང་གིས་ཆེད་འཛུགས་གནང་བའི་མཁས་པའི་ཚོགས་ཆུང་དེས་ཡུལ་གྱི་གྲང་དམག་སྐབས་ཀྱི་སྲུང་སྐྱོབ་ཀྱི་ཐབས་བྱུས་དེ་དག་རྙིང་པ་ཆག་ཡོད་སྐོར་དང་ཀོ་རི་ཡའི་ཕྱེད་གླིང་དང་ཐེ་ཝན་གྱི་ཉེ་འཁོར་མཚོའི་ནང་གང་ཅིའི་གྲ་སྒྲིག་གནང་དགོས་པའི་དགོངས་འཆར་བཏོན་གནང་ཡོད་པ་རེད་
ལོ་འདིའི་ཕྱི་ཟླ་༡༢ནང་ཡུལ་གྱི་བདེ་སྲུང་གི་ལམ་སྟོན་ཁག་བསྐྱར་ཞིབ་མ་གནང་གོང་གོང་ཞུས་ཀྱི་དགོངས་འཆར་དེ་དག་འཆར་ཟླའི་ནང་སྲིད་བློན་ནའོ་ཀྲོ་ཀན་མཆོག་ལ་འབུལ་རྒྱུ་ཡིན་སྐོར་ཡུལ་དེའི་ཡོ་མིའུ་རི་ཤིམ་སྦུན་དང་ཨ་ས་ཧི་ཤིམ་སྦུན་གསར་ཤོག་གཉིས་ཀྱིས་གནས་ཚུལ་བཏོན་ཡོད་པ་རེད་
ཉི་ཧོང་གི་ཡུལ་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཞི་བདེའི་ཡུལ་ཞིག་ཡིན་པའི་གསལ་བསྒྲགས་གནང་ཡོད་ཅིང་ཡུལ་གྱི་བདེ་སྲུང་གི་ལས་དོན་དེ་ད་བར་ཨ་མི་རི་ཀས་འགན་ལེན་གནང་བར་ཉི་ཧོང་ནང་དལྟའི་འཆར་ཡང་ཨ་རི་དཔུང་དམག་གྲངས་༤༧༠༠༠ཞིག་རྟེན་གཞི་བྱས་ཡོད་པ་རེད་
ཡིན་ནའང་སྔ་ལོ་ནས་ཉི་ཧོང་གི་ཨོ་ཀི་ན་ལྦ་ཞེས་པའི་མཚོ་གླིང་ནང་ཨ་རིའི་གནམ་དམག་མུ་མཐུད་གནས་རྒྱུའི་ཐད་དཀའ་རྙོག་རིམ་པ་འཕྲད་ནས་དུས་དལྟ་འང་དཀའ་རྙོག་དེ་གཙང་སེལ་གནང་ཐུབ་མེད་པ་རེད་