བོད་མི་སྲིད་དོན་བཙོན་པ་ཁག་གཅིག་བཙོན་གྲོལ།


2013.12.27
བཙོན་གྲོལ་བཏང་མ་ཐག་པའི་བོད་མི་རིན་ཆེན་ཚེ་རིང་དང་། ཡར་འཕེལ། ལྷ་མོ་བཅས། བོད་མི་སྲིད་དོན་བཙོན་པ་ཁག་གཅིག་བཙོན་གྲོལ།
པར། བསོད་ནམས་དང་བོད་འབྱོར།

རྒྱ་ནག་གིས་བོད་མི་ཆབ་སྲིད་བཙོན་པ་ཁག་གཅིག་བསྟུད་མར་བཙོན་གྲོལ་གཏོང་བཞིན་པར་ས་གནས་བོད་མི་ཚོས་ཕེབས་བསུ་རྒྱ་ཆེན་བྱེད་བཞིན་པ་རེད་འདུག
ཟླ་༡༢ཚེས་༢༣ཉིན་༢༠༠༨ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་པའི་ཨ་མདོ་ཀན་ལྷོ་ཅོ་ནེ་མ་རྩ་སྡེ་བའི་རིན་ཆེན་ཚེ་རིང་ལགས། ལན་ཀྲོའུ་གྲོང་ཁྱེར་གྱི་ཏཱ་ཧྲ་པཱེ་ཞེས་པའི་བཙོན་ཁང་ཞིག་ནས་ཀློད་གྲོལ་ཐོབ་ཡོད་པ་རེད། ཚེས༢༥ཉིན་རང་ཁྱིམ་དུ་འབྱོར་སྐབས་ས་གནས་བོད་མི་དང་། དམངས་ཚོགས་ཚོས་ཁོ་ལ་ཁ་བཏགས་དང་འཐེན་པ་དང་། གོས་ཀྱི་ལག་རྟགས་སྤྲད་པ་སོགས་ཕེབས་བསུ་རྒྱ་ཆེན་པོ་བྱས་ཡོད་འདུག
༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་། ཁོ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་བོད་མི་ཚོའི་ཞི་བའི་སྐད་འབོད་ལ་མཉམ་ཞུགས་བྱས་བ་དང་། ལྷག་དོན་སྐབས་དེར་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་མཁན་ཡིན་པ། ད་དུང་ངོ་རྒོལ་སྐབས་མི་མང་གི་སྣེ་ཁྲིད་མཁན་ཡིན་པའི་ཉེས་མིང་འོག་རིན་ཆེན་ཚེ་རིང་ལ་མི་ལོ༨གྱི་དུས་བཀག་ཁྲིམས་ཐག་བཅད་པ་ཡིན་འདུག
ཁོ་ནི་ཅོ་ནེ་རྫོང་མདོ་ཁོག་ཞང་མར་ཙ་སྡེ་བའི་ཡིན་པ་དང་། རང་ལོ་ ༣༨ཙམ་ཡིན་འདུག
ད་དུང་སྐབས་དེར་རང་ལོ་ ༢༥ ཡིན་པའི་བསྟན་འཛིན་བཀྲ་ཤིས། ཉིན་པ་ཞང་ཉིན་པ་སྡེ་བའི་རང་ལོ་ ༣༠ ཡིན་པའི་བློ་བཟང་རྡོ་རྗེ་བཅས་ལ་ཡང་ལོ་༨རེ་ཡི་ཁྲིམས་ཐག་བཅད་འདུག
གནས་ཚུལ་ལྟར་ན། ཅོ་ནེ་རྫོང་མདོ་ཁོག་ཞང་དུ་ཡོད་པའི་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་དགོན་པའི་མཚན་ཉིད་གྲྭ་ཚང་གི་རང་ལོ་༤༠ཙམ་ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་ལགས་སུ་ལོ་༡༥ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ལན་གྲུའུ་གྲོང་ཁྱེར་ཏ་ཧྲ་པེ་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་དང་། རྒྱུད་པ་གྲྭ་ཚང་གི་རང་ལོ་ ༢༨ ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་ལགས་སུ་ལོ་༡༣ གྱི་ཁྲིམས་ཐག་བཅད་དེ་ཀན་སུའུ་ཏེན་ཞི་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག
གཞན་གནས་ཚུལ་འབྱོར་གསལ། ༢༠༡༣ལོའི་ཕྱི་ཟླ་༢པའི་ཚེས་༢ཉིན་གྱི་སྔ་དྲོ་འཛིན་བཟུང་བཙན་ཁྲིད་བྱས་པའི་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་༤༢སོན་པ་གྲྭ་ཡར་འཕེལ་ལགས། ཟླ་འདིའི་ཕྱི་ཚེས་༢༦ཉིན་ཟི་ལིང་སྟོང་འཁོར་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་ནས་བཙོན་གྲོལ་བཏང་འདུག བཙོན་ཁང་དུ་སྡོད་ཡུན་རིང་ལག་ཤུབས་འཐག་པ་སོགས་ཀྱིས་ལས་ཀ་བཀོལ་ནས་སྐུ་གཟུགས་སྐྱོ་རུ་ཕྱིན་ཡོད་པ་དང་། ཡར་འཕེལ་ལགས་བཙོན་འཇུག་བྱས་པའི་མཚོ་སྔོན་ཟི་ལིང་དུ་ཡོད་པའི་སྟོང་འཁོར་ངལ་རྩོལ་བསྒྱུར་བཀོིལ་ར་བ་ཞེས་པའི་བཙོན་ཁང་དེ་སྒོ་རྒྱག་བརྟེན་ཁེལ་བར་བརྟེན་ཁོང་གི་བཙོན་དུས་མ་རྫོགས་གོང་གསང་བའི་ཐོག་བཙོན་གྲོལ་བཏང་བ་ཡིན་པ་དང་། ཁོང་ལ་ཁྲིམས་ཐག་གཅོད་དགོས་དོན་ནི་ལོ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་ཏེ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རེབ་གོང་ཆུ་མ་ཀློག་གཤོང་སྡེ་བ་ནས་ཡིན་པའི་རང་ལོ་༢༥ལ་སོན་པ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་ནས་ཀློག་གཤོང་སྡེ་པའི་རང་ཁྱིམ་དུ་གདན་འདྲེན་ཞུ་མཁན་ཡིན་པའི་ཉེས་འཛུགས་བྱས་ཡོད་པ་དང་རྕལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་ཨ་ཞང་ཡང་ཡིན་འདུག
གྲྭ་ཡར་འཕེལ་ལགས་ནི་གཡེར་གཤོང་དགོན་པའི་དགེ་འདུན་པ་རྒན་གྲས་ཤིག་ཡིན་པ་དང་ཕ་མིང་ལ་ཀླུ་འབུམ་རྒྱལ་དང་སྐྱེས་ཡུལ་བྲག་དཀར་སྡེ་བ་ནས་ཡིན་འདུག
དེ་བཞིན་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲྭ་སྒྲ་དབྱངས་ལགས་ནི་དུས་རྒྱུན་ནད་པ་ཡིན་པ་དང་། ཁོང་གི་ཨ་མ་ཡང་ནད་པ་ཞིག་ཡིན་པར་བརྟེན་སྒྲ་དབྱངས་ལགས་ལ་ཁྲིམས་ཐག་མ་བཅད་པར་རང་ཁྱིམ་དུ་མངགས་ཡོད་པ་རེད།
ཡང་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། རྒྱ་ནག་གཞུང་གིས་༢༠༡༢ ལོའི་ཟླ་༡༡ནང་བོད་མདོ་སྨད་རེབ་གོང་མདོ་བར་རང་ལུས་མེར་བསྲེཊ་བསྟུད་མར་བྱུང་སྐབས། རེབ་གོང་མདོ་བ་ཁྱི་ལྔ་སྡེ་བའི་རང་ལོ་༢༠ཙམ་ཡིན་པའི་ལྷ་མོ་ལགས་ཀྱིས་། བོད་རང་བཙན་ཀྱི་སྐད་འབོད་བྱས་པ་དང་། རྒྱ་ནག་གི་རྒྱལ་དར་གཤགས་མཁན་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ལོ་༢དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ཟླ་འདིའི་ཚེས་ཚེས་༢༦ཉིན་ཁོང་སྟོང་སྐོར་ངལ་རྩོལ་བསྒྱུར་བཀོལ་ར་བ་ཞེས་པའི་བཙོན་ཁང་ནས་བཙོན་གྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་གཙོས་བོད་མི་མང་པོ་ཞིག་བཙོན་འཇུག་དུས་ཡུན་མ་རྫོགས་པར་བཙོན་གྲོལ་བཏང་ཡོད་འདུག་ལ། དེ་ནི་རྒྱ་ནག་གཞུང་གིས་མི་འགྱངས་བར་སྟོང་སྐོར་ངལ་རྩོལ་བསྒྱུར་བཀོལ་ར་བ་ཞེས་པའི་བཙོན་ཁང་དེ་མི་སྒོ་རྒྱག་དགོས་པར་ཐུག་ཏེ་ཀློད་གྲོལ་བཏང་བ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎