འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་རྒྱ་གཞུང་ལ་འབོད་སྐུལ།

བོད་མིའི་དཀའ་རྙོག་སེལ་ཐབས་བཅས་རྒྱ་ནག་གཞུང་གིས་ངེས་པར་དུ་ལག་བསྟར་བྱ་དགོས་ཀྱི་རེད་ཅེས་གསུང་ཡོད་པའི་སྐོར།

2012.01.27

༄༅༎འགྲོ་བ་མིའི་ལྟ་ཞིབ་ཚོགས་པས། བོད་ནང་དུ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མིའི་ཐོག་གང་བྱུང་དུ་མེ་མདའ་རྒྱབ་པའི་དོན་རྐྱེན་འཕྲལ་དུ་ཞིབ་འཇུག་བྱ་དགོས་པ་དང༌། བོད་ནང་དུ་རྒྱལ་སྤྱིའི་ལྟ་ཞིབ་པ་རང་དབང་གི་འགྲོ་བསྐྱོད་ཆོག་པ། བོད་མིའི་དཀའ་རྙོག་སེལ་ཐབས་བཅས་རྒྱ་ནག་གཞུང་གིས་ངེས་པར་དུ་ལག་བསྟར་བྱ་དགོས་ཀྱི་རེད་ཅེས་གསུང་ཡོད་པའི་སྐོར་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གསར་ཤོག་ནིའུ་ཡོག་དུས་བབ་ཐོག་བཀོད་སྤེལ་བྱས་ཡོད་པ་རེད།
དེ་ཡང་ནིའུ་ཡོག་དུས་བབ་ཞེས་པའི་གསར་ཤོག་ཐོག་ལ། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་ཟླ་བ་འདིའི་ཕྱི་ཚེས་༢༣ དང་༢༤ ངོ་རྒོལ་བྱེད་མཁན་བོད་མིའི་ཐོག་གང་བྱུང་དུ་མེ་མདའ་རྒྱབ་ཏེ་ཉུང་མཐར་བོད་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་བོད་མི་བཅུ་གྲངས་འགའ་ཤས་རྨས་སྐྱོན་ཕོག་ཡོད་ཅིང༌། རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ལས་ཁང་གིས་ཀྱང་ཕྱི་ཚེས་༢༣ ཉིན་བྲག་མགོར་བོད་མི་ཚོས་ངོ་རྒོལ་བྱེད་པའི་སྐབས་ནོར་པ་ཡོན་ཏན་ལགས་མེ་འཕེན་གྱིས་འདས་གྲོངས་སུ་ཕྱིན་པ་དང༌། གཉིས་པ་དེ་ཕྱི་ཚེས་༢༤ ཉིན་གསེར་རྟར་ངོ་རྒོལ་བྱེད་པའི་སྐབས་བོད་མི་གཅིག་བཅས་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་ངོས་ལེན་བྱས་ཡོད་པའི་སྐོར་ལུང་འདྲེན་གནང་ཡོད་པ་རེད། གོང་གསལ་བོད་མི་གཉིས་འདས་གྲོངས་སུ་འགྲོ་ཡུལ་དེ་ནི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་བྲག་མགོ་དང་གསེར་རྟ་གཉིས་ཡིན་པ་མ་ཟད། བར་ལམ་ཟི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་མཁན་རིམ་པ་བྱུང་བ་དང༌། དེ་བཞིན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་ཡུལ་ཞིག་ཡིན་ཞིང༌། བོད་ཀྱི་ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་བྱས་ཡོད་པར་བརྟེན་ནས། ངོ་རྒོལ་ལས་འགུལ་གྱི་ངོ་བོ་དང༌། ལས་འགུལ་སྤེལ་བའི་མཇུག་འབྲས་ཇི་ལྟར་བྱུང་ཡོད་མེད། བོད་མི་ཇི་ཙམ་ལ་རྨས་སྐྱོན་བྱུང་བ་དང༌། ཇི་ཙམ་འཛིན་བཟུང་བྱས་ཡོད་མེད་ཀྱི་གྲངས་ཀ་ངེས་གཏན་ཤེས་རྟོགས་ཡོང་རྒྱུ་ཁག་པོ་ཡིན་དང༌། འོན་ཀྱང་བཙན་བྱོལ་དུ་ཡོད་པའི་འབྲེལ་བོད་ཚོགས་པ་ཚོས་གནས་ཚུལ་བཏོན་པའི་ནང་མགོ་ལོག་དང་གསེར་རྟའི་ནང་བོད་མི་ངོ་རྒོལ་བྱེད་མཁན་ཐོག་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་བོད་མི་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་ཡོད་པ་ལུང་འདྲེན་གནང་ཡོད་པ་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས་སོའོ་ཕི་རི་ཆདྲ་སེན་ཞུ་བས། རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་གཏོང་བ་དང༌། བོད་མི་སྡུག་བསྔལ་གྱི་གནས་སུ་སྦྱར་བ་དེ་ཡིས་རྒྱ་ནག་གི་འདོད་འདུན་འགྲུབ་ཐུབ་རྒྱུ་མིན་པ་མ་ཟད། བོད་མིའི་ངོས་ནས་རྒྱ་ནག་ཐོག་ལ་ཞེ་འཁོན་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུ་དང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་གནས་རྒྱུ་ཡིན་པའི་དགོངས་ཚུལ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎