འཛམ་གླིང་ནང་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ལྷན་ཚོགས།
2009.10.03
༄༅༎གོ་ལའི་དཔལ་འབྱོར་ཉམས་གསོ་ཇི་ལྟར་ཡོང་གི་ཡོད་མིན་ཐད་བློ་ཚབས་ཆེན་པོ་དང་བཅས་འཛམ་གླིང་ནང་གི་བཟོ་ལས་ཡར་ཐོན་ཆེ་ཤོས་ཀྱི་ཡུལ་གྲུ་བདུན་གྱི་དཔལ་འབྱོར་འགན་འཛིན་རྣམ་པའི་ལྷན་ཚོགས་ཀྱི་ཆེད་ཏུར་ཀིའི་རྒྱལ་ས་ཨི་སི་ཏན་སྦུལ་དུ་གཟའ་སྤེན་པའི་འདུ་འཛོམས་གནང་ཡོད་པ་རེད།
རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་གཙོ་འཛིན་ཌོ་མི་ནིཁ་སི་ཀྲོ་རོ་སི་ཀའན་གྱིས་འཛམ་གླིང་ནང་ལས་ཀ་ཤོར་མཁན་གྱི་མིའི་གྲངས་འབོར་ཇེ་མཐོར་འགྲོ་བཞིན་པ་དང་དཔལ་འབྱོར་ཆེན་པོ་ཁག་གི་གནས་སྟངས་ཞེན་པོར་གནས་མུས་ལ་གཞིགས་ཚེ་གོ་ལའི་དཔལ་འབྱོར་ཉམས་རྒུད་ཀྱི་ཛ་དྲག་གི་དཀའ་ངལ་དེ་ད་དུང་ཡང་སེལ་མེད་པ་རེད་ཅེས་གསུངས་འདུག།
ཕེ་རན་སིའི་དཔལ་འབྱོར་བློན་ཆེན་ལྕམ་ཁི་རི་སི་ཀྲིན་ལ་གར་ཌེ་ཡིས་ཀྱང་ལས་མེད་མང་དུ་འགྲོ་བཞིན་པའི་གནས་སྟངས་དེར་དོ་སྣང་ཆེ་ཤོས་གནས་དགོས་པ་གསུངས་འདུག ཐེངས་འདིའི་ལྷན་ཚོགས་ཀྱི་ནང་བཟོ་ལས་ཡར་ཐོན་ཆེ་ཤོས་ཀྱི་ཡུལ་གྲུ་དབྱིན་ཡུལ་དང་ཕེ་རན་སི་ ཉེ་ཧོང་ ཁེ་ན་ཌ་ ཇར་མེ་ནི་ ཨི་ཊ་ལི་དང་ཨ་མི་རི་ཀ་བཅས་ཀྱི་དཔལ་འབྱོར་བློན་ཆེན་ཕེབས་ཡོད་པ་རེད།
གཟའ་འཁོར་འདིའི་ནང་ཨ་མི་རི་ཀའི་གཞུང་གིས་ཨ་མི་རི་ཀའི་ནང་འདས་པའི་ཟླ་བ་གསུམ་གྱི་ནང་ལས་ཀ་ཤོར་མཁན་གྱི་གྲངས་འབོར་ཚོད་དཔག་བྱས་པ་ལས་མཐོ་བ་བྱུང་ཡོད་པ་གསལ་བསྒྲགས་གནང་ཞིང་དེ་དང་ཆབས་ཅིག་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ཆེས་དགོས་ངེས་ཆེ་བ་བཟོ་ལས་འཛུག་བསྐྲུན་གྱི་ལས་གཞི་ཞིག་ཀྱང་ཚོད་དཔག་བྱས་པ་ལས་དམའ་བ་བྱུང་ཡོད་པ་བརྗོད་ཡོད་པ་རེད། དེར་བརྟེན་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་གཟའ་པ་སངས་ཉིན་དཔལ་འབྱོར་ཉམས་གསོའི་ལས་དོན་ཁག་འགོར་ཤས་ཆེ་བ་ཡོང་སྲིད་པ་དང་གོམ་པ་རིམ་སྤོས་བྱ་རྒྱུར་གྲ་བསྒྲིག་དགོས་ལུགས་གསུངས་ཡོད་པ་རེད།
ཡོ་རོབ་ཀྱི་འབྱོར་ལྡན་ཡུལ་གྲུ་ཚོས་གོ་ལའི་དཔལ་འབྱོར་ཉམས་གསོ་ཚོད་དཔག་བྱས་པ་ལྟར་མ་བྱུང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཨ་མི་རི་ཀའི་ཌོ་ལར་གྱི་གནས་སྟངས་ཞེན་པོར་གནས་པ་དེ་ཡིན་པ་བརྗོད་བཞིན་ཡོད་ཅིང་ཕེ་རན་སིའི་དཔལ་འབྱོར་བློན་ཆེན་ལྕམ་ལཱ་གར་ཌེ་ཡིས་ཌོ་ལར་སྟོབས་ཤུགས་ཆེན་པོ་དགོས་རྒྱུ་ནི་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་གསུངས་འདུག
སྤྱིར་བཏང་དཔལ་འབྱོར་གནས་སྟངས་ཀྱི་ཐོག་ནས་བཤད་ན་ཨ་མི་རི་ཀའི་ཌོ་ལར་ནི་འཛམ་གླིང་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྐབས་རྒྱབ་རྟེན་བྱ་ཡུལ་བཀག་འཇུག་བྱེད་པའི་དངུལ་ལོར་དེ་ཡིན་ཡང་བར་སྐབས་དཔལ་འབྱོར་མཁས་པ་ཁག་ཅིག་གིས་ཌོ་ལར་དཔལ་འབྱོར་གྱི་རྒྱབ་རྟེན་དུ་མུ་འཐུད་འཇོག་རྒྱུ་མེད་པའི་སྐོར་གྱི་གཏམ་བཤད་སྤེལ་བ་དང་དེ་བཞིན་དཔལ་འབྱོར་ཉམས་གསོ་བྱུང་བཞིན་པའི་སྔོན་རྟགས་འཕྲན་བུ་བྱུང་བ་དེས་ཌོ་ལར་གྱི་རིན་གོང་དམའ་རུ་ཕྱིན་ཡོད་པ་རེད༎