དཔེ་དེབ་འགྲེམས་སྟོན་ལ་རྒྱ་ནག་གདན་ཞུ་བྱས་པར་སྐྱོན་བརྗོད།
2009.10.19
༄༅༎བཙན་བྱོལ་ནང་ཡོད་པའི་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཡིས་ཇར་མ་ནིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གོ་སྒྲིག་གནང་མཁན་རྣམས་ནས་འདི་ལོ་རྒྱ་ནག་མགྲོན་བདག་གནང་བ་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།
རེས་གཟའ་ཉི་མ་དང་ཇར་མ་ནིའི་ཕེ་རེང་ཕ་ཊེ་གྲོང་ཁྱེར་ནང་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་དཔེ་དེབ་ཀྱི་འགྲེམས་སྟོན་གྱི་ཉིན་མཐའ་མ་དེར་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཡིས་རྒྱལ་སྤྱིའི་དཔེ་དེབ་ཀྱི་འགྲེམས་སྟོན་དེར་ཉིན་ལྟར་སྲོག་ཐོག་གི་ཉེས་ཆད་དང་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་ཅིག་འགྲེམས་སྟོན་དེར་གདན་ཞུ་གནང་བ་དེ་ནོར་འཁྲུལ་གྱི་ལས་ཀ་ཞིག་རེད་ཅེས་གསུངས་འདུག ཡང་ཁོང་གིས་དེ་སྔོན་འཛམ་གླིང་མི་མང་གི་དགོངས་པའི་ནང་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་དེ་ཚོགས་གནང་བ་ཡིན་ན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་རེ་བ་གནང་ཡོད་པ་རེད། ཡིན་ནའང་རྩེད་འགྲན་དེ་དངོས་སུ་འགོ་ཚུགས་རྗེས་འཛམ་གླིང་མི་མང་གིས་རྩེད་འགྲན་དེར་དོ་སྣང་གནང་བ་ལས་འགྲོ་བ་མིའི་ཐོབ་ཐང་ཐོག་དོ་སྣང་གནང་ཡོད་པ་མ་རེད་ཅེས་གསུངས་འདུག དེ་བཞིན་དེ་སྔོན་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་རྒྱ་ནག་གཞུང་གིས་ཡུལ་ནང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཨོ་ལིམ་པིག་རྩེད་འགྲན་དེ་ཚོགས་གནང་ཐུབ་རྒྱུར་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཀྱང་དེ་དག་རྩ་བ་ནས་ལག་ལེན་དོན་འཁྱེལ་བྱས་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད། ཡང་ལྕམ་ར་སྦི་ཡ་ཀ་རྡིར་ཡིས་ཇར་མ་ནིའི་དཔེ་དེབ་འགྲེམས་སྟོན་གོ་སྒྲིག་གནང་མཁན་རྣམས་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱ་ནག་གི་བྱེད་བབས་དེར་གཟིགས་ནས་སློབ་གསོ་ལེན་རྒྱུའི་ཚབ་ཏུ་ད་ཐེངས་རྒྱ་ནག་དཔེ་དེབ་ཀྱི་འགྲེམས་སྟོན་དེར་གདན་ཞུ་གནང་བ་རེད། འདི་ལོ་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་རྒྱ་ནག་གིས་རང་གི་མི་སེར་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ག་འདྲ་གནང་ཡོད་པ་དེ་མངོན་གསལརེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། ཡིན་ནའང་ཇར་མ་ནིའི་དཔེ་དེབ་ཀྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་མཁན་ཚོགས་པའི་འགན་འཛིན་སྐུ་ཞབས་ཧོར་གེན་སྦུསི་ཡིས་འགྲེམས་སྟོན་དེ་རྩོམ་རིག་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ལས་རྒྱལ་སྤྱིའི་རྩོད་རྙོག་ཁག་སེལ་བའི་སྡིངས་ཆ་ཞིག་ཆགས་ཀྱི་མེད་སྐོར་གོང་ཞུས་ཀྱི་སྐྱོན་བརྗོད་དེར་ངོས་ལེན་གནང་མེད་པ་རེད།