བོད་ནང་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་གནང་བ།
2008.11.10
༄༅༎རྒྱ་ནག་གི་དབང་འཛིན་འོག་ཏུ་གནས་བཞིན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་འཛིན་ལ་ངོ་རྒོལ་བསྐྱར་དུ་ཡོང་སྲིད་པའི་དོགས་པ་དང་ཞེད་སྣང་བྱེད་བཞིན་ཡོད་པའི་གནས་ཚུལ་སྐོར་འདི་གའི་རླུང་འཕྲིན་ཁག་གིས་ཉེ་ཆར་བོད་ནང་ཉིན་བཞིའི་རིང་ཕེབས་མྱོང་མཁན་ཨ་སེཊེ་ལི་ཡའི་གསར་འགོད་པ་ཀེམ་རོན་ས྄ཊི་བཊ་རྒྱལ་ས་པེ་ཅིང་དུ་ཕེབས་སྐབས་བཀའ་འདྲི་ཞུས་དུས་ཁོང་གིས་གསུངས་དོན་ལ་ངས་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ལ་བཀའ་འདྲི་ཞུས་དུས་ཁོང་གིས་ཏ་ལའི་བླ་མ་དང་ཁོང་གིས་རྗེས་འཇུག་པ་རྣམས་ཀྱིས་ཁ་བྲལ་གྱི་ལས་དོན་མགྱོགས་པོ་བཏང་ཡོད་པའི་རྒྱུ་མཚན་གྱིས་བོད་ནང་ཉེ་སྔོན་བདེ་འཇགས་ཤུགས་ཆེ་རུ་བཏང་ཡོད་པའི་ངོས་ལེན་དང་དེར་བརྟེན་བོད་ནང་དམ་བསྒྲགས་ཆེན་པོ་ཡོད་པའི་རྒྱུ་མཚན་དེ་ཡིན་པ་འགྲེལ་བརྗོད་གནང་སོང་ཞེས་གསུངས་འདུག
གོང་ཞུས་ཨ་སེཊེ་ལི་ཡའི་གསར་འགོད་པ་ཀེམ་རོན་ས྄ཊི་བཊ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་གདན་ཞུ་ཕུལ་བའི་ཨ་སེ་ཊེ་ལི་ཡའི་གྲོས་ཚོགས་འཐུས་མི་མི་གེལ་ཇོན་སོན་དང་ལྷན་དུ་ཉིན་བཞིའི་རིང་ཕེབས་ཡོད་པ་དང་ཁོང་ལ་རྒྱ་ནག་གཞུང་གི་གོ་བསྒྲིགས་ཞུས་པའི་འཆར་གཞི་ལྟར་མ་གཏོགས་བོད་ཀྱི་དགོན་སྡེ་ཁག་དང་བཙོན་ཁང་ཁག་གི་ནང་འགྲོ་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་ལྷག་དོན་དུ་ཁོང་གིས་གྲྭ་ཞི་བཙོན་ཁང་ནང་དུ་འགྲོ་རྒྱུའི་འདུན་པ་བཏོན་ཡོད་ཀྱང་མོས་མཐུན་བྱས་མེད་པ་རེད་ཁོང་བོད་ནང་ཕེབས་པ་ཐེངས་དང་པོ་ཡིན་ཀྱང་བོད་མི་གནས་ཡུལ་གཙུག་ལག་དང་དེའི་ཉེ་འཁོར་ནང་དྲག་པོའི་གོ་མཚོན་ལྡན་པའི་ཉེན་རྟོག་དམག་མི་ཉིན་མཚན་མེད་པ་བལྟ་སྲུང་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་གཙུག་ལག་སོགས་གནད་འགག་ཅན་གྱི་ཁང་པའི་སྟེང་ནས་འཇབ་མདའ་རྒྱབ་མཁན་བཞག་ཡོད་པ་གསལ་པོ་མཐོང་རྒྱུ་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཡུལ་བསྐོར་སྤྲོ་འཆམ་གྱི་ཚོང་ལས་ཉམས་རྒྱུད་དུ་ཕྱིན་པ་གསལ་པོ་མཐོང་རྒྱུ་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་སོང༌༎