འབར་མའི་ནང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བའི་རྟགས་མཚན།
2010.06.29
༄༅༎འབར་མའི་ནང་ཧ་ཅང་གི་ཐོན་དཀོན་པའི་གླང་ཆེན་དཀར་པོ་ཞིག་ཐོན་ཡོད་པ་དེ་ནི་མི་དམངས་ཁྲོད་དུ་འབར་མའི་ནང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བའི་རྟགས་མཚན་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
དེ་རིང་འབར་མའི་དྲག་པོའི་གཞུང་གི་དབྱིན་ཡིག་གསར་ཤོག་The New Light of Myanmarཞེས་པའི་ཐོག་ལ། འབར་མའི་དྲག་པོའི་གཞུང་གིས་རེས་གཟའ་སྤེན་པའི་ཉིན་འབར་མའི་ལྷོ་ཕྱོགས་ཁུལ་ནས་གླང་ཆེན་དཀར་པོ་ཞིག་འཛིན་པ་དང༌། གླང་ཆེན་དེ་ནི་མོ་ཡིན་ཞིང༌། ལོ་༣༨དང༌། གཟུགས་ཚད་རིང་ཐུང་མི་ཊར་གཉིས་ལྷག་ཙམ་ཡོད་པའི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་ལས་གླང་ཆེན་དེ་ག་པར་བཅུག་གི་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་སྤེལ་མེད་པ་རེད། འབར་མ་དེ་ནི་ནང་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང། ཁོང་ཚོས་ཆོས་ཕྱོགས་སམ་ཐོུང་མ་ཡིན་པའི་ལོ་རྒྱུས་ཀྱི་ཐོག་ནས་གླང་ཆེན་དཀར་པོ་ནི་རྩ་ཆེའི་ནོར་ལྷ་ཞིག་ཡིན་པ་ངོས་འཛིན་བྱེད་པ་མ་ཟད། དེ་བས་འབར་མའི་ནང་གླང་ཆེན་དཀར་པོ་ནི་ཧ་ཅང་གི་མཐོང་རྒྱུ་དཀོན་པོ་ཡིན་པར་བརྟེན་མི་དམངས་ཁྲོད་དུ་ད་རེས་ཀྱི་རྟགས་དང་མཚན་མ་དེ་ནི་གཞུང་གིས་ཁོང་ཚོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་གཏོང་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། འབར་མའི་གཞུང་དེ་ནི་ཕྱི་ལོ་༡༩༦༢ནས་བཟུང་དམག་མིས་དབང་བསྒྱུར་བྱས་ནས་ཡོད་པ་དང༌། མི་ལོ་བཅུ་ཕྲག་དེའི་རིང་དབང་བསྒྱུར་བྱས་པའི་རྗེས་འདི་ལོའི་ལོ་མཇུག་ཏུ་ཐེངས་དང་པོ་དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་རྒྱལ་ཡོངས་འོས་བསྡུའི་ལས་དོན་སྤེལ་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་ཀྱང༌། ད་དུང་ཡང་དུས་ཚོད་གཏན་འཁེལ་གསལ་བསྒྲགས་བྱས་མེད་པ་རེད།