བོད་ནང་གི་བོད་མི་ཚོས་བོད་ནང་ཐོབ་དཀའ་བའི་གནས་ཚུལ་གྱི་འབྱུང་ཁུངས་ལྟེ་བ་རླུང་འཕྲིན་ཁང་སྒོ་རྒྱག་སྲིད་པར་ཐུགས་འཚབ་གནང་གི་འདུག

2025.03.19
བོད་ནང་གི་བོད་མི་ཚོས་བོད་ནང་ཐོབ་དཀའ་བའི་གནས་ཚུལ་གྱི་འབྱུང་ཁུངས་ལྟེ་བ་རླུང་འཕྲིན་ཁང་སྒོ་རྒྱག་སྲིད་པར་ཐུགས་འཚབ་གནང་གི་འདུག བོད་ནང་གི་སྲང་ལམ་ཞིག ཟླ་ཚེས་མི་གསལ།
སྒྲིག་བཟོ།

ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲོ་གྲོན་རོགས་དངུལ་མཚམས་འཇོག་དང་། ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་གནས་སྐབས་མཚམས་འཇོག་བྱས་པར་བོད་ནང་གི་བོད་མི་ཚོས་ཐུགས་འཚབ་དང་། ཨ་རི་གཞུང་གིས་རླུང་འཕྲིན་ཁང་གཉིས་ལ་མུ་མཐུད་མཐུན་འགྱུར་གནང་བའི་རེ་བ་སྨོན་ལམ་ཡོད་པ་གསུང་གི་འདུག

ལྷ་ས་ནས་ཡིན་པའི་ཁུངས་མི་ཞིག་གིས་འདི་ཚེས་ ༡༨ རེས་གཟའ་མིག་དམར་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་མཚམས་འཇོག་བྱ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་བཞིན་ཡོད་། བོད་ནང་གི་མི་མང་པོས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་བྱུང་ལ། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཡོངས་ལ་ཁྱབ་པའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་།(དེ་རྗེས་བོད་ནང་རིམ་པས་བོད་མི་ ༡༦༠ ལྷག་ནས་རང་ལུས་མེར་སྲེག་གནང་ཡོད།) འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་མཚམས་འཇོག་བྱ་སྲིད་པའི་གནས་ཚུལ་ལ་སེམས་འཚབ་ཀྱི་རྣམ་པ་སྟོན་བཞིན་པ་མ་ཟད། ཚོགས་པ་འདི་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་བོད་སྐད་ཀྱི་རྒྱང་སྲིང་ལས་རིམ་དེ་ཤུགས་རྐྱེན་ཆེན་པོ་ཡོད་པ་གསུངས་འདུག

ཕྱི་ལོ་ ༢༠༢༥ ཟླ་བ་ ཚེས་ ༡༨ སྔ་དྲོ་བོད་དབུས་ཕྱོགས་ས་གནས་ཤིག་ནས་བོད་མི་ཁག་ཅིག་གི་བསམ་ཚུལ་བརྡ་ལན་འབྱོར་གསལ་ལ།  ལྷ་སའི་ཉེ་ཁུལ་གྱི་ས་གནས་ཤིག་ནས་ཡིན་པའི་བོད་མི་གཅིག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ལ་ལྟ་ཉན་བྱེད་ཀྱི་ཡོད་པས།  རླུང་འཕྲིན་ཁང་གི་ལས་མཚམས་འཇོག་ཉེན་ཡོད་པ་གོ་ཐོས་བྱུང་ཡང་  ད་ལྟ་ཡང་ཁྱེད་ཚོས་ལས་ཀ་བྱེད་ཀྱི་འདུག་པས་བློ་བདེ་བྱུང་ཞེས་གསུངས་བྱུང་།

འདི་གའི་གསར་འགོད་པས།  ད་ལྟ་ང་ཚོའི་ལས་ཁུངས་ཀྱི་ལས་མཚམས་འཇོག་མིན་གྱི་གནས་སྟངས་ཞུ་ཁག་པོ་འདུག་ཅེས་ལན་འདེབས་ཞུས་པར། ཁོང་གིས་ཁྱེད་ཚོའི་ལས་དོན་ལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བསམ་ཤེས་གནང་གི་རེད་བསམ་གྱི་འདུག་ལ།  དེ་ལྟར་བསམ་གཞིགས་གནང་འི་སྨོན་ལམ་ཡོད་ཅེས་གསུངས་བྱུང་།

ཡང་ལྷ་སར་ཕྱོགས་མཐའ་ནས་ཕེབས་པའི་བོད་མི་གཞན་ཞིག་གིསད་ལྟའི་ཁྱེད་ཚོ་(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་)གནས་སྟངས་གང་འདྲ་ཆགས་ཉེན་ཡོད་རེད་དམ་ཞེས་བཀའ་དྲི་གནང་གི་འདུག་ཅིང་།  འདི་གའི་གསར་འགོད་པས།  ང་ཚོའི་ལས་ཁུངས་ཀྱི་དངུལ་རྩིས་མ་དངུལ་སྤྲོད་མཚམས་འཇོག་རྒྱུའི་བཀོད་ཁྱབ་ཅིག་སླེབས་ཡོད་དུས།  ནམ་ཞིག་ལས་མཚམས་འཇོག་གྲབ་ཡོད་མེད་སོགས་གསལ་པོ་ཞུ་ཚོད་ཐིག་གི་མི་འདུག་ཅེས་བརྗོད་པར།  ཕལ་ཆེར་ཨའོ་ཙི་མི་ཡོང་ངམ།  (མ་དངུལ་)བསྐྱར་གསོ་ཐུབ་པའི་རེ་བ་ཡོད་ལ།  རླུང་འཕྲིན་ཁང་སྒོ་བརྒྱབ་རྒྱུའི་ཉེན་ཁ་ཡོད་པ་གོ་དུས་སེམས་འཚབ་ཆེན་པོ་བྱུང་ཞེས་བརྗོད་བྱུང་།

ཁོང་གིས་ད་དུང་། ཁྱེད་ཚོའི་(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་)གནས་ཚུལ་ལ་རྒྱུན་དུ་བལྟས་ནས་སྡོད་ཡོད་ཅེས་གསང་བརྡ་དང་འབྲེལ་ཏེ་(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་)གནས་སྟངས་ཇི་ཆགས་ལ་དོ་སྣང་གནང་གི་ཡོད་ལུགས་གསུངས་བྱུང་ལ།  བོད་ནང་དུ་ཐོབ་རྒྱུ་མེད་(དཀོན་)པའི་གནས་ཚུལ་ཁག་གི་འབྱུང་ཁུངས་ལྟེ་བ་ཞིག་མེད་པ་ཆགས་ན་འཕང་པོ་རེད་ལ།  དེ་འདྲའི་ཞེད་སྣང་ཞིག་ཡོང་གི་འདུག་ཅེས་བརྗོད་བྱུང་།tkk.jpg

དེ་མཚུངས་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་"བོད་ནང་གི་བོད་མི་ཚོའི་ཆེད་དུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཀྱི་ལས་རིམ་དེ་དག་ནི་ལོ་ངོ་སུམ་ཅུའི་རིང་ཚེ་སྲོག་གི་ཐག་པ་ལྟ་བུ་ཆགས་ཡོད། བོད་མི་ཚོ་འཛམ་གླིང་ནང་གི་གསར་འགྱུར་དམ་བསྒྲགས་ཆེ་ཤོས་ཡོད་པའི་ས་ཁུལ་ཞིག་ཏུ་འཚོ་གནས་བྱེད་བཞིན་ཡོད་པ་དང་། བརྒྱུད་ལམ་གཉིས་པོ་འདིས་བདེན་པ་ཤེས་འདོད་ཡོད་མཁན་ཚོར་རང་དབང་གི་གསར་འགྱུར་མཁོ་སྤྲོད་བྱ་རྒྱུར་ཕན་གྲོགས་བྱས་ཡོད།" ཅེས་བརྗོད་ཡོད

བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་སྐྱོད་པའི་སྐབས་ཏེ། ཕྱི་ལོ་༢༠༠༨ ཟླ་༤ ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་ཚོའི་མདུན་དུ་སྙིང་སྟོབས་ཆེན་པོས་ངོ་རྒོལ་བྱེད་མཁན་བོད་ཀྱི་དགེ་འདུན་པ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གསུངས་པ་ལྟར་ན། ཁོང་ཚོས་རྒྱལ་སྤྱིའི་གསར་འགོད་པ་ཚོ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་ལམ་ནས་ཐོས་པ་དང་། ཁོང་ཚོས་སྔོན་ཚུད་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོའི་མདུན་དུ་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་གསུངས་པ་མ་ཟད། ཁོང་གིས་བོད་ནང་གི་མི་མང་པོས་ད་དུང་ཡང་གསང་བའི་ངང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉན་བཞིན་ཡོད་པ་གསུངས་ཡོད།

བོད་ནང་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནིནང་སྲིད་དང་རྒྱལ་སྤྱིའི་གནས་ཚུལ། དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྐོར་གྱི་བདེན་པ་དང་བཀག་སྡོམ་མེད་པའི་གནས་ཚུལ་ཐོབ་སའིཁུངས་དཀོན་པོ་ཞིག་ཡིན་པ་དང་། བོད་མི་མང་པོས་སྒེར་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཀྱང་། གསང་བའི་ངང་རླུང་འཕྲིན་ཁང་གི་རྒྱང་སྲིང་ལས་རིམ་ལ་ཉན་གྱི་ཡོད་པས། འདི་དག་ལ་རྒྱ་ནག་གཞུང་གིས་རྒྱུན་དུ་བར་ཆད་བཟོ་བཞིན་ཡོད།

"ང་ཕྱི་ལོ་༢༠༠༨ དང་༢༠༡༡ ལོར་བོད་ལ་ཡོད་སྐབས། མི་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་ཀྱི་ལས་རིམ་ལ་མཚན་མོར་ཁང་པའི་ནང་ཁུ་སིམ་སིམ་ངང་ཉན་བཞིན་པ་ཐོས་མྱོང་། གནས་ཚུལ་ཉན་རྒྱུ་ཙམ་ཡང་ངོ་རྒོལ་གྱི་བྱ་བ་ཞིག་དང་སྒེར་་ཉེན་ཁ་ཆེན་པོ་ཞིག་རེད། འོན་ཀྱང་བཙན་བཟུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོར་མཚོན་ན། རང་གི་སྐད་ཡིག་ཐོག་བཀག་སྡོམ་མེད་པའི་གནས་ཚུལ་ཉན་རྒྱུ་ནི་ཡོད་ཚད་ཡིན།" ཅེས་ཨ་རིའི་ནིའུ་ཡོག་གནས་སྡོད་ནིཀ་གུ་ལོ་ཊ་(Nick Gulotta)ཡིས་གསུངས་ཡོད། ཁོང་ནི་ཕྱི་ལོ་༢༠༠༨ ལོར་བོད་ལ་བསྐྱོད་མྱོང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་ཡང་བསྐྱར་བསྐྱོད་འདུག གཞན་ཡང་ཁོང་གིས་"ལས་རིམ་འདི་དག་ནི་དབང་ཤུགས་ཅན་གྱི་སྲིད་གཞུང་འོག་འཚོ་བཞིན་པའི་མི་ས་ཡ་མང་པོའི་ཚེ་སྲོག་གི་ཐག་པ་ཙམ་མ་ཡིན་པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གིས་མཁོ་སྤྲོད་བྱེད་པའི་སྐད་རིགས་མང་པོ་ཤེས་མཁན་ཨ་རི་བ་ཚོར་ཡང་གནས་ཚད་མཐོ་བའི་བརྒྱུད་ལམ་གཞན་གང་ཡང་མེད།" ཅེས་གསུངས་ཡོད།

གཞན་ཡངབཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་མཉམ་རུབ་འབད་བརྩོན་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀར་ཨ་རིའི་རྒྱབ་སྐྱོར་མུ་མཐུད་ཡོང་ཐབས་འབད་རྩོལ་གནང་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་གནས་སྟངས་ལ་རྟོག་ཞིབ་དང་ཕན་གྲོགས་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་ཡོད།

དེ་བཞིན་སྲིད་སྐྱོང་མཆོག་གི། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རི་ཡོངས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ལྷག་ཡོད་པ་ཚོར་ཁུངས་སོ་སོའི་གྲོས་ཚོགས་འཐུས་མི་ཚོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་ཆེད་ཞུ་གཏུག་དགོས་པའི་འབོད་སྐུལ་གནང་ཡོད་པའང་གསུངས་ཡོད་པ་རེད། མ་ཟད་ཕྱི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པའི་ཉིན་བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་གི་ལས་དོན་མཚམས་འཇོག་བྱ་སྲིད་པར་ཐུགས་འཚབ་བསྟན་པ་འབྲེལ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དེ་དོན་དཀའ་སེལ་སླད་ཨ་རི་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ཁག་ལ་ཨ་རི་གཞུང་ལ་ཞུ་སྐུལ་དགོས་པའི་ལམ་སྟོན་གནང་ཡོད་པ་ལན་འདེབས་གསལ་བཤད་གནང་ཡོད།

ཨིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་མཐུན་ཚོགས་དང་སྡུག་སྦྱོང་ཕོག་པའི་གྲངས་ཉུང་མི་རིགསམཐུན་ཚོགས་འཛུགས་མཁན་དང་ཚོགས་གཙོ་ཚེ་རིང་པ་སངས་ཚེ་རིང་ལགས་ཀྱིས"ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཀྱི་ལས་རིམ་རྣམས་མུ་མཐུད་རྒྱུ་དེ་ནི་ས་ཁུལ་ཆབ་སྲིད་ཀྱི་དགོས་མཁོ་ཙམ་མ་ཡིན་པར། བཟང་སྤྱོད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། རྒྱང་སྲིང་ལས་རིམ་འདི་དག་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སྲུང་སྐྱོབ་ཆེད་དགོས་མཁོ་ཆེ་བའི་བརྒྱུད་ལམ་ཞིག་ཀྱང་ཡིན། རྒྱ་ནག་དམར་ཤོག་ཚོགས་པས་བཅའ་སྡོད་སློབ་གྲྭ་དང་། མི་རིགས་བཙན་སྒྱུར་གྱི་ལམ་ནས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་ཀྱིད་ཡོད། ཅེས་གསུངས་ཡོད།

གཞི་རྩའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་རྒྱ་ནག་གཞུང་གི་དམ་དྲག་ལ་མ་ལྟོས་པར་བོད་ནང་གི་བོད་མི་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། རྒྱལ་སྤྱིའི་གནས་ཚུལ་ཁག་དུས་ཐོག་རླུང་འཕྲིན་སོགས་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་ཞུ་མཁན་ཞིག་ཡིན་པ་མ་ཟད། བོད་ནང་གི་དངོས་ཡོད་གནས་སྟངས་ཇི་བཞིན་བོད་ཕྱི་ལ་གསལ་སྟོན་བྱེད་མཁན་ཞིག་ཡིན་ནའང་། ད་ལྟའི་ཆར་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་རླུང་འཕྲིན་ཁང་གི་འགྲོ་གྲོན་མ་དངུལ་མཚམས་འཇོག་བྱ་རྒྱུའི་བཀོད་ཁྱབ་བཏང་རྗེས། རླུང་འཕྲིན་ཁང་གི་གནས་སྟངས་ཇི་ཆགས་ངེས་བརྟན་མེད་པར་གྱུར་ཡོད་པ་རེད།།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎