རྒྱ་ནག་གིས་རྒྱ་གར་ས་མཚམས་སུ་རེ་ཌཱར་གསུམ་སྤོ་འཇོག་བྱེད་འཆར།
2015.08.25
རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་མཁའ་དབྱིངས་ཉེན་སྲུང་གི་ལས་དོན་སྤེལ་རྒྱུར་དམིགས་ནས་རེ་ཌཱར་གསུམ་སྤོ་འཇོག
དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་མི་མེད་རེ་ཌཱར་ཟེར་བའི་ཐག་རིང་ངམ་མཐོང་མི་ཐུབ་པའི་དངོས་པོ་དང་། གནམ་གྲུ་སོགས་ཉེ་རྒྱང་གར་ཡོད་དང་ཕྱོགས་གང་དུ་གནས་པ་སོགས་སྒྲ་རླབས་ལྡོག་འཕྲོས་ལ་བརྟེན་ནས་ཤེས་ཐུབ་པའི་འཕྲུལ་ཆས་ཤིག་དེ་སྔོན་ནས་བཞག་ཡོད་པའི་ཁར་ད་དུང་རེ་ཌཱར་གསར་པ་གསུམ་སྤོ་བཞུད་བྱེད་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་བཀོད་པ་ཞིག་པེ་ཅིང་ནས་PTIའམ་རྒྱ་གར་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་འདུག འདི་ནི་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་མཁའ་དབྱིངས་ཉེན་སྲུང་གི་ལས་དོན་སྤེལ་རྒྱུར་དམིགས་པ་ཞིག་ཡིན་པ་དང་། དེས་རྒྱ་གར་གྱི་འཐབ་ཇུས་གནས་བབས་ལ་ཤུགས་རྐྱེན་ཆེན་པོ་འབྱུང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
མི་ངོ་མ་གནས་མི་དགོས་པའི་མྱུལ་ཞིབ་རེ་ཌཱར་གཅིག་ལོ་བརྒྱད་ཙམ་རིང་བོད་དབུས་གམ་པ་ལའི་ཐོག་བཞག་ཡོད་པ་དང་། ད་ཆ་ས་ཁུལ་དེའི་ནང་མཁའ་དབྱིངས་མྱུལ་ཞིབ་ཀྱི་ལས་དོན་ཚགས་ཚུད་དུ་གཏོར་རྒྱུར་རེ་ཌཱར་འཕར་མ་གསུམ་སྤོ་འཇོག་བྱེད་རྒྱུ་ཡིན་པ་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་གམ་པ་ལའི་ཐོག་རེ་ཌཱར་མྱུལ་ཞིབ་བལྟ་སྲུང་ཁང་དེའི་འཛུགས་བསྐྲུན་ཕྱི་ལོ་༡༩༦༥ལོར་མཇུག་བསྒྲིལ་ཞིང་། རྒྱ་མཚོ་ནས་མཐོ་ཚད་མི་ཊར་༥༣༧༤ ཐོག་ཆགས་པ་འདི་ནི་འཛམ་གླིང་ནང་གི་རེ་ཌཱར་མྱུལ་ཞིབ་བལྟ་སྲུང་ཁང་མཐོ་ཤོས་དེ་ཡིན་པ་རེད།
ས་བབ་ཀྱི་ཆ་ནས་གམ་པ་ལ་ནི་འབྲས་ལྗོངས་དང་འབྲུག་ཡུལ་ནས་རྒྱང་ཐག་དེ་ཙམ་རིང་པོ་མེད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།