དབྱིན་ཇིའི་སཀོཊ་ལེནྜ་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟླ་ངོ་གསུམ་རེའི་ཚོགས་འདུ་དེ་དྲ་ཐོག་བརྒྱུད་གནང་ཡོད་པ།

2022.01.29
དབྱིན་ཇིའི་སཀོཊ་ལེནྜ་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟླ་ངོ་གསུམ་རེའི་ཚོགས་འདུ་དེ་དྲ་ཐོག་བརྒྱུད་གནང་ཡོད་པ། དབྱིན་ཇིའི་ Scotland གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟླ་ངོ་གསུམ་རེའི་ཚོགས་འདུ་དེ་དྲ་རྒྱའི་ཐོག་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས།

དབྱིན་ཡུལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གིས་གནས་ཚུལ་སྤེལ་གནང་བའི་ནང་། ད་ཐེངས་ཀྱི་དབྱིན་ཇིའི་ Scotland མངའ་ཁུལ་གྱི་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་རྒྱའི་ཐོག་གི་ཚོགས་འདུ་དེའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་ Mercedes Villalba ཡིས་གནང་བ་དང་ཚོགས་འདུའི་གཙོ་སྐྱོང་ཚོགས་པའི་དྲུང་ཆེ་ལྕམ་ Eleanor Byrne Rosengren ཡིས་གནང་འདུག ཚོགས་འདུའི་སྐབས་ཚོགས་པའི་དྲུང་ཆེ་ལྕམ་ Byrne Rosengren ཡིས་ཚོགས་པའི་ངོས་ནས་རྒྱ་ནག་གི་དགུན་དུས་ཀྱི་ཨོ་ལོམ་པིཀསི་རྩེད་འགྲན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ཁོངས། བདུན་འདིའི་གཟའ་མཇུག་ཏུ་ཁུལ་དེའི་གྲོང་འཁྱེར་ Glasgow དང་ Edinburgh བཅས་པའི་གྲོང་འཁྱེར་གཉིས་ནང་ལས་འགུལ་སྤེལ་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོའི་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་ཇི་སྤེལ་གྱི་འཆར་གཞི་སྙན་སེང་ཞུས་ཡོད་པ་རེད་འདུག དབྱིན་ཡུལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕིརེའིསི་ལགས་ཀྱིས་ཟླ་བ་སྔོན་མ་དེར་ཕརེནསི་རྒྱལ་ས་པེ་རིས་ནང་ཡོ་རོབ་ནང་གནས་སྡོད་བོད་མིའི་སྐུ་ཚབ་རྣམས་པའི་ཚོགས་འདུའི་ཐོག་བོད་མི་མཐུན་མོང་ནས་པེ་ཅིང་གི་དགུན་དུས་ཀྱི་ཨོ་ལོམ་པིཀིསི་རྩེད་འགྲན་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་སྐོར་གྲོས་བསྡུར་ཇི་བྱུང་སྐོར་སྙན་སེང་དང་། དེ་མིན་བོད་དོན་གྱི་ལས་འགུལ་སྤེལ་ཕྱོགས་ཐད་གལ་གནད་ཆེ་བའི་གནད་དོན་ཁག་གི་སྐོར་གསུངས་ཡོད་པ་རེད་འདུག ཡང་དྲ་རྒྱའི་ཐོག་གི་ཚོགས་འདུ་དེར་ཨ་རིའི་ནང་རྟེན་གཞི་བྱས་པའི་ Tibet Action Institute ཞེས་པའི་བོད་དོན་ལས་འགུལ་གྱི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས་ཉེ་ཆར་ཚོགས་པ་དེས་བཏོན་གནང་བའི་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་འོག་བོད་པའི་བུ་ཕྲུག་འབུམ་བརྒྱད་སྐོར་ཞིག་གཏན་འཇགས་སློག་གྲྭ་ཁག་ནང་སློབ་འཇུག་བྱས་པའི་སྙན་ཐོའི་འབྲུ་དོན་ཁག་སྙན་སེང་ཞུས་ཡོད་པ་རེད་འདུག གཞན་ཡང་ད་ཐེངས་ཀྱི་དྲ་རྒྱའི་ཐོག་གི་ཚོགས་འདུ་དེར་ Tibet Watch ཞེས་པའི་བོད་དོན་རྟོག་ཞིབ་ཁང་གི་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ཉེ་བའི་དུས་སྐབས་བོད་ནང་གི་བོད་མིའི་རྩོམ་པ་པོ་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབས་དང་བོད་མི་མང་པོ་ཞིག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་བར་རྒྱ་གཞུང་གིས་གང་བྱུང་འཛིན་བཟུང་དོ་དམ་དང་གནར་གཅོད་ཕོགས་ཡོད་པའི་སྐོར་སོགས་ཚོགས་འདུའི་ཐོག་སྙན་སེང་ཞུས་ཡོད་པ་རེད་འདུག།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎