རྒྱ་གར་ཤིམ་ལ་ཁུལ་དུ་བཙན་བྱོལ་བོད་གཞུང་སྲི་ཞུ་བར་ཟབ་སྦྱོང༌།
2010.01.13
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་གནང་བའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ཤིམ་ལ་ཁུལ་གཞུང་འབྲེལ་སྲི་ཞུ་བ་ཁག་ཅིག་ལ་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག
ཟླ་བ་འདིའི་ཚེས་༡༡ནས་༢༠བར་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པའི་ལས་འགན་ཚགས་ཚུད་ཡར་རྒྱས་གོང་འཕེལ་ཡོང་ཆེད་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཤིམ་ལ་མངའ་ཁུལ་གཞུང་གི་སྦྱོང་བརྡར་ཁང་དུ་གོ་སྒྲིག་གནང་འདུག
སྦྱོང་བརྡར་དེར་བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་དང་ཧི་མ་ཅལ་ས་ཁུལ་གྱི་གནས་འགོ་འཛིན་དྲུང་གཞོན་དང་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཡིན་པའི་ལས་བྱེད་གྲངས་༢༠ཙམ་ལ་གོ་སྐབས་དེ་གནང་ཡོད་པ་རེད། སྦྱོང་བརྡར་སློད་འཁྲིད་གནང་མཁན་ཁོང་སསུ་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་མི་སྣ་མང་པོ་ཞིག་གདན་འདྲེན་ཞུས་གནང་འདུག ཁོང་རྣམ་པས་འཛིན་སྐྱོང་དང་འཛིན་སྐྱོང་བསྐྱར་བཟོ། དཔལ་འབྱོར་བཏང་འཛིན། གསར་འགྱུར་བརྒྱུད་ལམ་བཅས་ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་གནང་བཞིན་ཡོད་པ་རེད།
ཟབ་སྦྱོང་དབུ་འབྱེད་ཉིན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་ཆོས་བཟང་ལགས་ཀྱིས་སྦྱོར་བརྡར་ཁང་གི་འབྲེལ་ཡོད་མི་སྣ་ཚོས་མཁས་དབང་རྣམས་གདན་འདྲེན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཟབ་སྦྱོང་འདི་ཐོབ་རྗེས་རང་གཞུང་སྲི་ཞུ་བ་རྣམས་ཀྱིས་མ་འོངས་པར་ཕྱག་ལས་གནང་ཕྱོགས་ཐད་ཕན་ནུས་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་གནང་གི་ཡོད་སྐོར་གསུངས་བཤད་གནང་བ་དང་ཕྱོགས་མཚུངས་ཚོགས་གཙོ་འཇམ་དཔལ་ལགས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོར་ཕན་ཚུན་དབར་གོ་བསྡུར་ལྷུག་པོ་གནང་བའི་ཐོག་ནས་ཟབ་སྦྱོང་དེ་ནས་ཁེ་ཕན་གང་མང་ཐོབ་ཐབས་གནང་དགོས་པའི་ལམ་སྟོན་གནང་འདུག།