ཁྲིམས་རྩོད་པར་ཁྲིམས་བཤེར་སྐབས་མི་མང་གིས་ངོ་རྒོལ་གནང་བ།
2015.12.14

དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཁྲིམས་ཁང་ཞིག་ཏུ། དེ་རིང་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་གྲགས་ཅན་པོ་ཀྲི་ཆང་Pu Zhiqiang་ལ་ཁྲིམས་ཞིབ་བྱེད་སྐབས། ཁྲིམས་ཁང་གི་མདུན་དུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་ལག་འཛིང་ཐུག་འདུག
ཁྲིམས་རྩོད་པ་གྲགས་ཅན་Pu Zhiqiangཞུ་བ་ནི་རྒྱུན་དུ་རྨྲ་བརྗོད་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་གླེང་གནང་མཁན་ཞིག་ཡིན་པ་ལྟར། དེའི་གོང་དུ་ཁོང་གིས་རྒྱ་ནག་ནང་ཉེན་རྟོག་པས་ནག་ཉེས་ཇི་ཡིན་གསལ་ཁ་མེད་པར་མི་སེར་གང་བྱུང་འཛིན་བཟུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་དོ་དམ་བཀག་ཉར་བྱེད་སྲོལ་ཡོད་པའི་ལམ་ལུགས་མེད་པ་བཟོ་མཁན་གཙོ་བོ་ཞིག་དང༌། ཡང་རྒྱ་ནག་གཞུང་གིས་རྒྱུ་རྩལ་བ་Ai Weiweiཡིས་གཞུང་ལ་དཔྱ་ཁྲལ་འབུལ་རྒྱུ་གཡོལ་ཐབས་བྱས་པའི་ཉེས་འཛུགས་ཀྱིས་ཁྲིམས་བཤེར་བྱེད་སྐབས། ཁོང་གི་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། དེ་ནས་ལོ་ཤས་སྔོན་ཁོང་གིས་རྒྱ་ནག་ནང་བེད་སྤྱོད་བྱེད་པའི་Sina Weiboཟེར་བའི་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན་བཅས་པའི་ནང་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང༌། རྒྱ་ནག་གི་འགོ་ཁྲིད་ཚོར་འཕྱ་སྨོད་བྱེད་པའི་རྩོམ་ཡིག་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་ཁོང་གི་ཐོག་སྤྱི་ཚོགས་ནང་རྙོག་ཟིང་དང༌། མི་རིགས་དབར་མི་དགའ་བའི་སྡང་ཟུག་སློང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ཀྱི་ཐོག་ནས། ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༥པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དེ་སྔ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་ངོ་རྒོལ་གྱི་དུས་ཚིགས་སྲུང་བརྩི་ཞུ་ཕྱོགས་ཀྱི་ཚོགས་འདུ་ཞིག་འཚོགས་བཞིན་པའི་སྐབས་ཁོང་ཉེན་རྟོག་པས་འཛིན་བཟུང་གིས་འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་དོ་དམ་བཀག་ཉར་འོག་བཞག་པའི་རྗེས། འདི་ཚེས་༡༤ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་གི་འབྲིང་རིམ་མི་མང་ཁྲིམས་ཁང་ཨང་གཉིས་པའི་ནང་ཁོང་གི་ཐོག་དངོས་སུ་ཁྲིམས་བཤེར་བྱས་ཡོད་པར། སྐབས་དེར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པ་གཞན་དང༌། དེ་བཞིན་ཕྱི་རྒྱལ་ཀྱི་གསར་འགོད་པ། རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་གི་མི་སྣ་བཅས་པ་གང་འཚམ་ཁྲིམས་ཁང་གི་མདུན་འདུ་འཛོམས་བྱུང་བ་རྣམས་ཉེན་རྟོག་པས་ཕྱིར་བུད་གཏོང་ཐབས་བྱས་པར་བརྟེན། ཁྲིམས་རྩོད་པ་ Pu Zhiqiangལ་རྒྱབ་སྐྱོར་བྱེད་མཁན་དང་ཉེན་རྟོག་པའི་དབར་ལག་འཛིན་ཐུག་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།