རྒྱ་ནག་གི་སྲིད་འཛིན་ཨ་རི་ནས་ཐོན་ཁར་བོད་མི་དང་ཚོགས་སྡེ་མང་པོས་གནམ་ཐང་ཉེ་འགྲམ་ནས་ངོ་རྒོལ་བྱས་འདུག

དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་(San Francisco)་གྲོང་ཁྱེར་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་བཅར་བ་དང་། ཨ་རིའི་སྲིད་འཛིན་དང་ཟུར་མཇལ་སོགས་འགྲུབ་ནས་འདི་ཚེས་༡༧ཉིན་ཨ་རིའི་གྲོང་ཁྱེར་(San Francisco)་ནས་ཕྱིར་རྒྱ་ནག་ཏུ་ཐོན་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་གཙོས་ས་གནས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་གི་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ལས་འགུལ་བ་སོགས་སྔ་ས་ནས་གནམ་ཐང་ཉེ་འགྲམ་དུ་འཛོམས་ནས་རང་དབང་དགོས་བའི་འབོད་ཚིག་འདྲ་མིན་བསྒྲགས་པ་དང་། ངོ་རྒོལ་སྐད་འབོད་བྱས་སྐབས། སྤྱི་སྤྱོད་རླངས་འཁོར་ནང་ཞི་ཅིན་ཕིན་ལ་དགའ་ནསུ་བྱེད་མཁན་རྒྱ་མི་ལས་འགུལ་བ་མང་པོ་འབྱོར་ནས་ངོ་རྒོལ་ལས་འགུལ་བ་ཚོར་བསུན་པོ་བཟོ་བ་དང་། ལས་འགུལ་བའི་མདུན་ནས་བོད་ཀྱི་རྒྱལ་དར་སོགས་འགེབས་ཐབས་བྱས་ཡོད་པ་དང་། རྒྱ་མི་དེ་དག་གི་བྱ་སྤྱོད་དང་ཁོང་གིས་ཚོད་དཔག་བྱས་ན། རྒྱ་མི་དེ་ཚོར་རྒྱ་ནག་གཞུང་ཚབ་ཀྱིས་དངུལ་སྤྲད་ནས་ཡོང་བ་ཡིན་པ་འདྲ་བོ་འདུག་ཅེས་ལས་འགུལ་སྤེལ་ཡུལ་ནས་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
རྗེས་སུ་ཨ་རིའི་ཉེན་རྟོག་པས་རྒྱ་མི་དེ་དག་དང་གདོང་ཐུག་མི་ཡོང་ཆེད་བོད་མི་སོགས་ངོ་རྒོལ་ལས་འགུལ་བ་ཚོར་ལོགས་སུ་ངོ་རྒོལ་བྱེད་ཡུལ་ས་གནས་གོ་སྒྲིག་བྱས་ཡོད་པ་དང་། ངོ་རྒོལ་ལས་འགུལ་ཡག་པོ་བྱུང་བ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བྱུང་།
ད་རེས་ཞི་ཅིན་ཕིན་རྒྱ་ནག་ནས་ཨ་རིའི་གནམ་ཐང་ལ་འབྱོར་བ་ནས་ཕྱིར་རྒྱ་ནག་ལ་ཐོན་པའི་བར་ངོ་རྒོལ་ལས་འགུལ་མཚམས་ཆད་མེད་པ་དང་། དེའི་རིང་བོད་དོན་ལས་འགུལ་བ་བུད་མེད་གཞོན་སྐྱེས་ཁག་ཅིག་གིས་རྣམ་པ་མ་འདྲ་བའི་ལས་འགུལ་སྤེལ་བའི་ཁྲོད། ཞི་ཅིན་ཕིན་ཡོང་སའི་མགྲོན་ཁང་གི་མདུན་གྱི་ལྕགས་སྡོང་སྟེང་དུ་འཛེགས་ནས་དུས་ཡུན་རིང་པོར་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་ཞོར་བོད་ལ་རང་དབང་དགོས་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། མགྲོན་ཁང་ཉེ་འགྲམ་དུ་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིན་གྱི་དུས་ཡུན་རྫོགས་ཟིན། བོད་རང་བཙན་ཞེས་པའི་འཕྲེད་དར་དཔྱངས་བ་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོས་སྤེལ་ཡོད་པ་དང་། བོད་མིས་ངོ་རྒོལ་ལས་འགུལ་རྗེས་སུ་རྒྱ་མི་ཁག་ཅིག་གིས་ཁོང་ཚོར་རྗེས་འདེད་བསུན་གཙེར་བྱས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག
ཚེས་༡༥ཉིན་ཨ་རིའི་(San Francisco)་གྲོང་ཁྱེར་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ། ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་མཆོག་གིས་སྣེ་ལེན་གྱི་གསུང་བཤད་གནང་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་ནི་ཀུན་ལ་མཁོ་བ་དང་། རྒྱལ་ཁབ་ཚང་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ལས་འགན་ཡོད། ཅེས་གསུངས་ཡོད་པ་དང་། རྗེས་སུ་ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་། སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིན་དང་མཇལ་འཕྲད་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་དང་བོད། ཧོང་ཀོང་བཅས་ཚུད་པའི་མངལ་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བརྡལ་བཤིག་གཏོང་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་གླེང་ཡོད་པ་གསལ་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།