ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བ་དང་བསྟུན་བོད་མི་སོགས་ཚོགས་སྡེ་ཁག་མང་པོས་ངོ་རྒོལ་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལོ་ངོ་དྲུག་གི་རྗེས་སུ་སླར་ཡང་འདི་ཚེས་༡༤ཉིན་ཨ་རིར་ཕེབས་འབྱོར་བྱུང་ཡོད་དང་། ཨ་རིའི་(San Francisco)་གྲོང་ཁྱེར་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་ཚོགས་ཞུགས་གནང་བ་དང་། ཞོར་དུ་འདི་ཚེས་༡༥ཉིན་སྲིད་འཛིན་རྣམ་གཉིས་དངོས་སུ་མཇལ་འཕྲད་ཐེངས་མ་གཉིས་པ་དེ་གནང་ཡོད་པ་དང་བསྟུན་ཉིན་དེར་བོད་མི་དང་། ཡུ་གུར་བ། ཧོང་ཀོང་གི་རང་དབང་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་མི་བཅས་ཚོགས་སྡེ་མང་པོ་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཛོམས་ནས། རྒྱལ་དར་དང་འཕྲེད་དར་འདྲ་མིན་འཕྱར་བ་དང་། ཁོང་ཚོས་བོད་དང་ཤར་ཏུར་ཀིསུ་ཐན། ཧོང་ཀོང་བཅས་ཀྱི་ནང་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། ལྷག་དོན་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་པ་དང་མཉམ་མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་པ་མཚམས་འཇོག་དགོས་བ་སོགས་ཀྱི་དགོས་འདུན་བཏོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་སོགས་བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྤྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ནས་ངོ་སྤྲོད་གནང་བྱུང་ལ། སྐབས་དེར་བྱང་ཁེ་ལི་ཧྥོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། (Bay foot)་བོད་ཀྱི་མཐུན་གྲོགས་ཚོགས་པ་སོགས་མཉམ་རུབ་ཐོག་ལས་འགུལ་སྤེལ་བ་དང་། ལས་འགུལ་བ་ཚོས་མུ་མཐུད་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངལ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གྱི་ཚོགས་ཆེན་ཚོགས་ཡུལ་(Moscone Center)་ཞེས་པའི་ཚོགས་ཁང་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

གཞན་ལྷོ་བྱང་ཨ་མི་རི་ཀའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་དང་དོན་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བསྒྲགས་གཏམ་སྤེལ་བའི་ནང་། ཨ་རིའི་སྲིད་འཛིན་(Joe Biden)་མཆོག་ལ་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་དགོས་བ་དང་འབྲེལ་བའི་བོད་དོན་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག
དེའི་སྔོན་ཙམ་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་༥༩ཡིས་ཨ་རིའི་སྲིད་འཛིན་(Joe Biden)་མཆོག་ལ། ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཡོད་པ་རེད།

ད་རེས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ནི་ཨ་རིས་མགྲོན་བདག་གནང་བའི་(APEC)་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱིས་ཞོར་དུ་མཇལ་འཕྲད་གནང་གི་ཡོད་པ་དང་། འདས་བའི་ལོ་དྲུག་ལྷག་གི་རིང་ཞི་ཅིན་ཕིན་དངོས་སུ་ཨ་རིའི་ནང་སླེབས་པ་ཐོག་མ་དེ་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།