ཞི་ཅིན་ཕིན་ཨ་རིའི་ནང་འབྱོར་སྐབས་བོད་མི་སོགས་ཚོགས་སྡེ་ཁག་མང་པོས་ངོ་རྒོལ་བྱས་འདུག
དེ་ཡང་འདི་ཚེས་༡༤རེས་གཟའ་མིག་དམར་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་མི་རི་ཀའི་ནུབ་ཕྱོགས་གྲོང་ཁྱེར་སན་ཧྥི་རན་སེསུ་ཀོའི་(San Francisco)་ནང་(APEC)་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཆེད། ཁུལ་དེའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་མ་ཐག བོད་མི་དང་། ཡུ་གུར་བ། ཧོང་ཀོང་གི་རང་དབང་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་མི་བཅས་ཚོགས་སྡེ་མང་པོས་རྒྱལ་དར་དང་འཕྲེད་དར་འདྲ་མིན་འཕྱར་བ་དང་། ཞི་ཅིན་ཕིན་གྱིས་དཔལ་འབྱོར་དེ་ནི་མི་གསོད་ཁྲག་སྦྱོར་ཐོག་བཟོས་པ་དང་། རང་དབང་དགོས་བ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་པའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
དེ་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་རིགས་དང་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་བྱེད་སྐབས། ཁོང་རྣམས་ལ་ཁ་གཏད་གཅོག་ཕྱིར་རྒྱ་མིའི་སློབ་ཕྲུག་ཚོགས་པ་དང་མཁས་པའི་ཚོགས་པ་ཞེས་པ། རྒྱ་ནག་གཞུང་ཚབ་ཀྱིས་འགྲོ་སོང་བཏང་སྟེ་གོ་སྒྲིག་བྱས་པའི་ཞི་ཅིན་ཕིན་ལ་དགའ་བསུ་བྱེད་མཁན་མི་གྲངས་༡༠༠༠་ཙམ་སླེབས་ཡོད་པ་དང་། ཞི་ཅིན་ཕིན་(San Francisco)་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། དེར་འདུས་བའི་རང་དབང་དོན་གཉེར་བ་དང་ལས་འགུལ་ཚོས་བོད་ལ་རང་དབང་རང་བཙན་དགོས། ཤར་ཏུར་ཀིསུ་ཐན་ལ་རང་བཙན་དགོས། ཧོང་་ཀོང་ལ་རང་བཙན་དགོས་པ་སོགས་ཀྱི་འབོད་ཚིག་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་། ཡང་ཞི་ཅིང་ཕིང་གི་སྣུམ་འཁོར་གནམ་ཐང་ནས་ཕྱིར་ཐོན་ནས་འགྲོ་སྐབས། ཡང་བསྐྱར་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

གཞན་(San Francisco)་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་གཞུང་ལམ་འགྲམ་དུ། ཞི་ཅིན་ཕིན་ཨ་རིའི་ནང་འབྱོར་སྐབས་ངོ་རྒོལ་བྱེད་མཁན་ཚོགས་སྡེ་དང་མི་སྒེར་བ་སོགས་ལས་འགུལ་བ་མང་པོ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་བའི་དགའ་བསུ་བྱེད་མཁན་ཡང་མང་པོ་ཡོད་པ་ཚོས། ངོ་རྒོལ་བ་ཚོ་འཕྲེད་དར་དང་རྒྱལ་དར་གྱི་རྒྱབ་ལ་སྦས་ཐབས་བྱས་བ་དང་། རོལ་མོ་འདྲ་མིན་སྒྲ་ཤུགས་ཆེན་པོ་བཏང་ནས་ངོ་རྒོལ་སྐད་འབོད་ཀྱི་སྒྲ་གནོན་ཐབས་བྱས་ཡོད་པ་དང་། སྐབས་དེར་དགའ་བསུ་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་རྒྱ་རིགས་ལས་འགུལ་བ་ཚོའི་བར་གདོང་ཐུག་གི་གནས་ཚུལ་ཡང་བྱུང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་དགའ་བསུ་བྱེད་མཁན་ལས་འགུལ་བ་ཁག་ཅིག་ལ་བཅར་འདྲི་བྱེད་ཐབས་བྱས་ཀྱང་ངོས་ལེན་བྱས་མི་འདུག

དེ་བཞིན་འདི་ཚེས་༡༥ཉིན་ཨ་རིའི་སྲིད་འཛིན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་སྐབས། བོད་མི་དང་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས། ལྷོ་སོག་པོ། ཧོང་ཀོང་བ། རྒྱ་མི་རིགས་དང་དམངས་གཙོ་དོན་གཉེར་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་མང་པོ་མཉམ་འབྲེལ་གྱི་སྒོ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་པ་ཚོགས་སྡེ་དེ་དག་གིས་མཉམ་དུ་བསྒྲགས་འདུག་ལ། བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྤྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཆེད། ཚེས་༡༥ཉིན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ནང་ས་གནས་བོད་མི་དང་ཉེ་འཁོར་གྱི་བོད་མི་ཙམ་མ་ཟད། ཨ་རིའི་ས་ཁུལ་གཞན་ནས་བོད་མི་ལས་འགུལ་ཁག་ཅིག་མཉམ་ཞུགས་གནང་བཞིན་པ་ངོ་སྤྲོད་གནང་བྱུང་།
དེའི་སྔོན་ཙམ་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་༥༩ཡིས་ཨ་རིའི་སྲིད་འཛིན་(Joe Biden)་མཆོག་ལ། ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཡོད་པ་རེད།
ད་རེས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ནི་ཨ་རིས་མགྲོན་བདག་གནང་བའི་(APEC)་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱིས་ཞོར་དུ་མཇལ་འཕྲད་གནང་གི་ཡོད་པ་དང་། འདས་བའི་ལོ་དྲུག་ལྷག་གི་རིང་ཞི་ཅིན་ཕིན་དངོས་སུ་ཨ་རིའི་ནང་སླེབས་པ་ཐོག་མ་དེ་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།