བལ་ཡུལ་དུ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱུང་ཡོད་པ།
2012.06.09
༄༅༎བལ་ཡུལ་ནང་གཞུང་འཛིན་དབང་ཆའི་ཐོག་ཡོད་པའི་མ་ཝོ་དམར་ཤོག་ཚོགས་པས་ཉེ་ལམ་ཡུལ་དེའི་གྲོས་ཚོགས་མེད་པ་བཟོས་པ་དང་ཆབས་གཅིག གྲོས་ཚོགས་གསར་པ་འདེམས་སྟོན་བྱ་རྒྱུའི་ཆེད། འདི་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དེར། བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པ་ཁག་གིས་རྒྱལ་ས་ཀཐ་མན་གྲུའི་ནང་འདི་ཚེས་༨ ཉིན་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འདུག ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་བཞིན་ བལ་ཡུལ་ཀོང་རེསི་ཚོགས་པ་དང༌། མ་ཁ་སེ་ ལི་ནེན་དམར་ཤོག་ཆིག་བསྒྲིལ་ཚོགས་པ་སོགས། ཕྱོགས་འགལ་ཚོགས་པ་ཉི་ཤུ་རྩ་དྲུག་མཉམ་རུབ་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང༌། ངོ་རྒོལ་གྱི་འདུ་འཛོམས་དེར་རྒྱལ་ས་ཀཐ་མན་གྲུའི་ས་ཁུལ་གང་ས་ནས་སླེབས་པའི་མི་མང་སྟོང་ཕྲག་མང་པོས་མཉམ་ཞུགས་བྱས་ཡོད་པར་སོང༌། རྒྱལ་སའི་གཞུང་ལམ་མང་པོའི་ཐོག་འགྲུལ་བཞུད་ཡོངས་རྫོགས་འགག་པའི་གནས་ཚུལ་བྱུང་འདུག
གནས་ཚུལ་འདིའི་ཡོང་རྐྱེན་ནི། ཕྱི་ལོ་ ༢༠༠༨ ལོར་བལ་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཏེ། སྐབས་དེར་འདེམས་ཐོན་བྱུང་བའི་གྲོས་ཚོགས་དེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུའི་ལས་འགན་སྤྲད་ཡོད་ཀྱང༌། དུས་ཡུན་ནང་ཚུད་དེ་ལྟར་བྱེད་མ་ཐུབ་པ་སོང༌། ཉེ་ལམ་གྲོས་ཚོགས་རྩ་གྲོལ་གཏོང་དགོས་པ་བྱུང་བ་ལྟར། གྲོས་ཚོགས་འཐུས་མིའི་མིང་ཐོག་ནས་སླེབས་པའི་སྲིད་བློན་སྦ་སྦུ་རམ་བ་ཊ་རའེ་ཡང་ལས་འཁུར་ནས་དགོངས་པ་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང༌། སྲིད་བློན་ནས་འཕྲལ་སེལ་གཞུང་གྱི་ལས་འཁུར་མུ་མཐུད་གནང་བཞིན་ཡོད་པ་མ་ཟད། གྲོས་ཚོགས་གསར་པ་འདེམས་སྟོན་བྱ་རྒྱུར་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པར། ཕྱོགས་འགལ་ཚོགས་པ་ཁག་གིས་གྲོས་ཚོགས་མེད་པ་ཆགས་པ་ལྟར། སྲིད་བློན་གྱིས་ཀྱང་ལས་འཁུར་ནས་དགོངས་པ་ཞུས་ཏེ། རྒྱལ་ཡོངས་འོས་བསྡུ་མ་བྱས་ཀྱི་བར་ཡུལ་ནང་ཆབ་སྲིད་ཚོགས་པ་ཚང་མ་ཡོད་པའི་མནའ་གཞུང་ཞིག་འཛུགས་དགོས་པའི་དགོས་འདུན་སྟོན་གྱི་ཡོད་པ་རེད།།