མདོ་སྨད་རྔ་བ་ཕྱོགས་ཀྱི་སློབ་མ་ཚོས་ངོ་རྒོལ་སྐད་འབོད་བྱས་འདུག
2014.11.03

མདོ་སྨད་རྔ་བ་ཁུལ་གྱི་སློབ་མ་གཙོས་བོད་མི་ཚོས་རྔ་བ་ཁུལ་སློབ་གསོ་ལས་ཁུངས་ཀྱི་འགོ་གཙོའི་གཏམ་བཤད་ལ་ངོ་རྒོལ་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། ཟླ་བ་འདིའི་ཚེས་༡་ཉིན་རྔ་བ་ཁུལ་མཛོ་དགེ་རྫོང་བོད་ཡིག་སློབ་འབྲིང་གི་གཙོས་ས་གནས་ཀྱི་བོད་རིགས་སློབ་མ་དང་། བོད་མི་ཚོས་རྔ་བ་ཁུལ་ཐོག་ནས་མི་གཅིག་སྐྱོང་བ་ལས་མི་བརྒྱ་སྐྱོང་བ་བཟང་། འདྲ་མཉམ་དམངས་གཙོ། སློབ་གསོ་འདྲ་མཉམ་ཞེས་སྐད་འབོད་ངོ་རྒོལ་བྱས་ཡོད་པ་དང་། དེ་ནི་ཟླ༡༠བའི་ཚེས༢༩ཉིན། ༢༠༡༤ ལོའི་རྔ་བ་ཁུལ་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་དོ་དམ་ནུས་པ་ཇེ་བཟང་ཏུ་གཏོང་བའི་ཟབ་སྦྱོང་ཚོགས་འདུའི་མཇུག་བསྡོམས་སྐབས། རྔ་བ་ཁུལ་སློབ་གསོ་ལས་ཁུངས་ཀྱི་འགོ་ཁྲིད་ཀྲང་ཐན་ཁེ་ཡིས་ཚོགས་འདུར་ཕྱོགས་བསྡོམས་བྱས་སྐབས། ད་སྐབས་མཐོ་རྒྱུགས་སྐབས་སུ་རྒྱུགས་ཞུགས་སློབ་མའི་རྒྱ་ཡིག་ཆུ་ཚད་བཟང་ཚེ་དགེ་མཚན་ཆེན་པོ་ལྡན་པ་དང་། མཐོ་འབྲིང་མཐར་ཕྱིན་རྗེས་ནང་ལོགས་ས་ཁུལ་གྱི་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་པོ་ཁག་ཏུ་འགྲིམ་ཐུབ་ལ། བོད་ཡིག་གཙོར་བཟུང་ཚེ་མཐོ་རྒྱུགས་ཀྱི་སྐར་གྲངས་ཧ་ཅང་དམའ་བས་སྤྱིར་བཏང་གི་སློབ་ཆེན་དུའང་འགྲིམ་མི་ཐུབ་ཅེས་མང་པོ་བཤད། ཁོང་གིས་ད་དུང་དཔེར་དྲངས་ཏེ། ད་ལོར་མཛོད་དགེ་བོད་ཡིག་སློབ་འབྲིང་གི་རྩིས་ཚན་འཛིན་གྲྭའི་ཆེས་མཐོ་བའི་མཐོ་རྒྱུགས་སྐར་གྲངས་སུམ་བརྒྱ་དགུ་བཅུ་ལས་མེད་པ་དང་། སྐར་གྲངས་དེ་ལྟ་བུ་ཡིས་ནང་ལོགས་ས་ཁུལ་གྱི་མཐོ་འབྲིང་སློབ་མའི་མཐོ་རྒྱུགས་སྐར་གྲངས་ཀྱི་ཕྱེད་ཀའང་མི་ལོན་ཞེས་བཤད། ཁོང་གིས་སླར་ཡང་། སྔོན་ཆད་ཁོ་རང་གིས་བོད་ལྗོངས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་གཏམ་གླེང་བྱེད་སྐབས། བོད་ལྗོངས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་བོད་ལྗོངས་ས་ཁུལ་ནས་མཐོ་འབྲིང་སློབ་གྲྭའི་སྦྱོང་ཚན་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་བས་གྲུབ་འབྲས་ཡག་པོ་ཐོབ་བྱུང་ཟེར། དེའི་སྟབས་ཀྱིས་རྔ་བ་ཁུལ་ནས་ཀྱང་མཐོ་འབྲིང་སློབ་གྲྭའི་སྦྱོང་ཚན་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་ནས་བོད་ཡིག་བསླབ་མི་དགོས་པ་བྱས་ན་འགྲིག བོད་ཡིག་བསླབས་ཀྱང་མ་འོངས་པར་སྤྱོད་སྒོ་ཆེན་པོ་མེད་པ་དང་འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཡང་ཕན་པ་ཆེན་པོ་མེད་ཅེས་བཤད་པ་རེད།
གཞན་ད་དུང་ཁོང་གིས་ཚོགས་འདུར་ཞུགས་པའི་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དག་ལ། འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱ་ཡིག་ཆུ་ཚད་ཡག་པོ་མེད་ཚེ། ཁྱེད་རང་ཚོ་སློབ་གཙོ་ཚད་ལྡན་ཞིག་མིན་པའི་རྟགས་རེད། འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཐོག་མར་རྒྱ་ཡིག་གཙོ་བོར་འཛིན་དགོས། སློབ་མ་ཚོས་རྒྱ་ཡིག་སློབ་ཚན་ཡག་པོ་སྦྱོང་ཐུབ་ཡོད་ཚེ་མ་འོངས་པར་མདུན་ལམ་ཡག་པོ་ཡོད་པ་དང་། སློབ་གྲྭ་དེའི་སློབ་གཙོས་ཀྱང་འོས་འགན་འགྲུབ་ཞིང་ཚད་ལྡན་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས་སློབ་གཙོ་དག་གིས་ངེས་པར་དུ་རྒྱ་ཡིག་གཙོར་བཟུང་ནས་སློབ་ཁྲིད་བྱེད་དགོས་ཞེས་བཤད་པ་རེད།
དེ་ལྟར་ཁོས་བོད་ཀྱི་སྐད་ཡིག་བསླབས་ཀྱང་སྤྱོད་སྒོ་མེད་ཅེས་བརྗོད་པའི་གཏམ་བཤད་རྗེས། དྲ་ལམ་འཕྲིན་ཕྲན་སོགས་སུ་ཁོང་གི་གཏམ་བཤད་དེར་རྒོལ་གཏམ་མང་པོ་སྤེལ་བ་དང་། ངོ་རྒོལ་བྱས་བའི་གནས་ཚུལ་དེ་བྱུང་བ་ཡིན་འདུག ངོ་རྒོལ་བ་ཚོས་བརྗོད་དོན། གཞུང་ཕྱོགས་ཀྱི་སྲིས་ཇུས་དང་བཅའ་ཁྲིམས་ཡིག་ཆ་གང་དུའང་ཁོང་གི་གཏམ་བཤད་ཀྱི་ནང་དོན་འདིའི་སྐོར་བརྗོད་མྱོང་མེད་པ་མ་ཟད། ཀྲང་ཐན་ཁེ་ཡི་སྐད་ཆ་དེ་ནི་གཞུང་ཕྱོགས་ཀྱི་ལྟ་ཚུལ་དང་མི་མཐུན་ལ་མང་ཚོགས་ཀྱི་འདོད་བླང་དང་ཡང་མི་འཚམས་པ་མ་ཟད། དངོས་ཡོད་གནས་ཚུལ་དང་ཡང་འགལ་ཡོད་པས། དེ་ནི་མི་རིགས་དང་རྒྱལ་ཁབ་གང་ལ་མཚོན་ནའང་ནོར་འཁྲུལ་ཚབས་ཆེན་བཟོ་ངེས་པའི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་བཞིན་ཡོད་པ་རེད།
ཟབ་སྦྱོང་ཚོགས་འདུ་དེར་རྔ་བ་ཁུལ་འབར་ཁམས་རྫོང་དང་། ཆུ་ཆེན་རྫོང་། ཟུང་ཆུ་རྫོང་། རྔ་བ་རྫོང་། མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་། འཛམ་ཐང་རྫོང་བཅས་རྫོང་ཁག་བདུན་གྱི་སློབ་གསོ་ལས་ཁུངས་ཀྱི་འགོ་ཁྲིད་དང་། རྫོང་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་བསྡོམས་པས་མི་གྲངས༡༣༠ལྷག་མཉམ་ཞུགས་བྱས་ཡོད་འདུག
གསར་འགོད་པ་ཀླུ་འབུམ།