བྷོ་ཊེ་སྐད་ཡིག་ལ་རང་དབང་དང་ངོས་ལེན་དགོས་པའི་ངོ་རྒོལ།
2014.12.19

ལ་དྭགས་ཀྱི་རྒྱལ་ས་སླེ་རུ་མི་མང་ཚོས་ལ་དྭགས་ཀྱི་བྷོ་ཊེ་སྐད་ཡིག་རྒྱ་གར་གཞུང་གིས་ངོས་འཛིན་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག
དེ་ཡང་ཕྱི་ཟླ་༡༢་ཚེས་༡༨་ཉིན་ལ་དྭགས་ནང་པའི་ལྷན་ཚོགས་དང་། སླེ་ཡེ་ཤུ་ཚོགས་པ་གཉིས་ཀྱིས་གཙོ་བོ་གོ་སྒྲིག་སྣེ་ཁྲིད་གནང་ནས་ལ་དྭགས་ཀྱི་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་སླེ་གྲོང་ཁྱེར་ནང་དུ་འཕྲེད་དར་ཁྱེར་ནས་ངོ་རྒོལ་གནང་ཡོད་པ་དང་། ངོ་རྒོལ་བ་རྣམས་ཀྱི་དགོས་འདུན་གཙོ་བོ་ནི་ལ་དྭགས་ཁུལ་དུ་དར་ཁྱབ་ཆེན་པོ་ཡོད་པའི་བྷོ་ཊེའི་སྐད་ཡིག་རྒྱ་གར་གཞུང་གིས་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་བཅུག་དགོས་པའི་སྐོར་ཡིན་ཅིང་། ངོ་རྒོལ་བ་རྣམས་ཀྱི་འཕྲེད་དར་ཐོག་ཏུ་བྷོ་ཊེའི་སྐད་ཡིག་ད་ལྟ་བར་དུ་མ་ཚུད་པའི་རྒྱུ་མཚན་གང་ཡིན་པའི་དྲི་བ་བཀོད་ནས་རྒྱ་གཞུང་དབུས་གཞུང་ལ་བརྡ་ལན་ནན་པོ་ཕུལ་ཡོད་པ་རེད་འདུག ལ་དྭགས་ཁུལ་དུ་ས་གནས་སོ་སོའི་ཡུལ་སྐད་མང་པོ་ཡོད་རུང་ལ་དྭགས་ཀྱི་ཡིག་གེ་གཙོ་བོ་བོད་ཡིག་ལ་གཞི་བཞག་གི་ཐོག་ནས་བེད་སྤྱོད་གཏོང་བཞིན་པ་ཡིན་རུང་ལ་དྭགས་ཀྱི་སླེ་ས་ཁུལ་དུ་བྷོ་ཊེ་སྐད་ཡིག་ཞེས་དར་ཁྱབ་ཆེན་པོ་ཡོད་པ་དང་། རྒྱ་གར་ཁྱོན་ཡོངས་སུ་ལ་དྭགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་འབུམ་གཅིག་ཙམ་ཡོད་པ་དང་། ཡུལ་སྐད་མ་འདྲ་བ་མང་པོ་ཡོད་ཅིང་ལ་དྭགས་རྒྱལ་སའི་ཁུལ་དུ་བེད་སྤྱོད་གནང་བཞིན་པའི་ཡུལ་སྐད་ལ་སླེ་སི་ཀཌ་Leshkat ཞུ་གི་ཡོད་པ་དང་། ལ་དགས་སླེའི་ནུབ་བྱང་ཁུལ་དང་ཡུལ་སྐད་Shamskat དང་། སེང་གེ་ཁ་འབབ་དང་ནུབ་ར་ཁུལ་དུ་་Stotskatཅེས་པའི་ཡུལ་སྐད་བེད་སྤྱོད་གཏོང་སྲོལ་ཡོད་པ་རེད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།