ཧོང་ཀོང་ནང་བོད་དོན་རྒྱབ་སྐྱོར་བ་ཁག་གིས་རྒྱ་ནག་ལ་ངོ་རྒོལ།
2010.12.04
༄༅༎རྒྱ་ནག་རྒྱལ་སྤྱིའི་གསེར་ལས་ཐོན་ཁུངས་བཟོ་ཚོང་ལས་ཁང་ཟེར་བས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་གྱི་ཡོད་པ་དེར་ཟླ་བ་འདིའི་ཚེས་༣གྱི་ཞོགས་པ་ཧོང་ཀོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་གྱི་ལས་འགུལ་དེ་ཐོག་མར་ཧོང་ཀོང་དབུས་ས་འོག་མེ་འཁོར་འབབ་ཚུགས་ནས་འགོ་འཛུགས་ཀྱིས། དེ་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོས། ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འཕྱར་བ་དང་ཆབ་ཅིག སྐད་འབོད་བྱེད་བཞིན་ཁུལ་དེར་ཡོད་པའི་མ་རྐང་ཚོང་རའི་ཐང་ཆེན་བར་གོམ་བགྲོད་བྱེད་བཞིན་དུ་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་སྟོན་ཡོད་འདུག་ཅིང༌། ཡང་ ཧོང་ཀོང་ནང་ད་ལམ་གྱི་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་རྒྱལ་སྤྱིའི་གསེར་ལས་ཐོན་ཁུངས་བཟོ་ཚོང་ལས་ཁང་ཟེར་བ་དེ་ཡིས། བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུར་མ་རྩ་ཨ་སྒོར་ས་ཡ་༣༠༩གསོག་སྒྲུབ་བྱས་ཡོད་པ་མ་ཟད། བདུན་ཕྲག་འདིའི་ནང་ བཟོ་ཚོང་ལས་ཁང་དེ་ནས་ཧོང་ཀོང་གི་མ་རྐང་ཁྲོམ་རའི་ནང་ཚོང་ལས་གཉེར་རྒྱུ་འགོ་འཛུགས་བྱས་པ་ལས་བྱུང་བ་ཡིན་འདུག་པ་དང༌། ཡང་བཟོ་ཚོང་ལས་ཁང་དེ་ཡིས་ལས་ཁུང་ཨ་མ་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཀུ་ལྦར་ནང་ཡོད་པར་བརྟེན། ཉིན་དེར་གྲོང་ཁྱེར་དེའི་ནང་དུའང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ཡོད་འདུག
གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ལོའི་ཕྱི་ཟླ་༧པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་མལ་དྲོ་གུང་དཀར་རྫོང་ཁོངས་ཀྱི་རྒྱ་མ་ཟེར་བའི་ས་གནས་སུ། ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཆེན་པོ་ཞིག་འགོ་འཛུགས་བྱས་ཡོད་པར། སྐབས་དེར་ས་གནས་ཡུལ་མི་ཚོས་འཐུང་ཆུ་སོགས་ལ་རྫས་དུག་བཤོར་བའི་དཀའ་ངལ་འཕྲད་པར་བརྟེན། གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་སྐོར་རྒྱ་གཞུང་ལ་སྙན་ཞུ་ཕུལ་ཡང་། རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱས་པའི་རྐྱེན་གྱིས། གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་མི་ལས་བཟོ་བ་དང༌། ས་གནས་ཡུལ་མི་དབར་འཁྲུག་འཛིན་ཆེན་པོ་ཤོར་ནས། བོད་མི་༣ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང༌། ཡང་བོད་མི་བསོད་ནམ་རིན་ཆེན་ལགས་ཞུ་བར་ཉེས་རྡུང་ཕོག་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚལ་བཀོད་འདུག།