འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་ལྟེ་གནས་ནས་འབོད་སྐུལ།
2009.11.12
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་ལྟེ་གནས་ཞེས་པ་ནས་གསར་འགྱུར་བརྒྱུད་ལམ་ཁག་གི་དྲང་བདེན་དང་གནས་ཚུལ་འཁྱོག་བཤད་མེད་པའི་ཐོག་ནས་འཛམ་གླིང་ཐོག་ཞི་བདེ་དང་འདུམ་འགྲིག་གི་བརྡ་ལན་འཕྲོད་ཐབས་གནང་དགོས་པའི་སྐོར་འབོད་སྐུལ་བྱས་ཡོད་པ་རེད།
འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་ལྟེ་གནས་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་བཞིན་ཉིས་སྟོང་བདུན་ལོའི་ཕྱི་ཟླ་དགུ་པའི་ནང་བཞུགས་སྒར་རུ་གསར་འཛུགས་གནང་འདུག་པ་དང་ཚོགས་པ་དེས་ཟབ་སྦྱོང་དང་སློབ་གསོའི་ལས་རིམ་བརྒྱུད་ནས་སའི་གོ་ལའི་སྟེང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྨང་གཞི་བསྲ་བརྟན་བསྐྲུན་ཐབས་དང་དེ་བཞིན་བོད་མི་ཚོས་གནས་སྟངས་ག་འདྲ་ཞིག་ལ་ཞི་བའི་ལམ་ནས་གདོང་ལེན་བསྐྲུན་ཐབས་ཀྱི་དམིགས་ཡུལ་བཟུང་གི་ཡོད་པ་རེད། གོང་གསལ་ཚོགས་པ་དེས་ཁ་ས་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་ཐོག་ཞི་བདེ་དང་འཚེ་མེད་ཞི་བའི་ཐབས་ལམ་གོང་འཕེལ་སླད་གསར་འགྱུར་བརྒྱུད་ལམ་ཁག་གི་འགན་ཁུར་ལེན་ཕྱོགས་སྐོར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་ཚོགས་པའི་འགན་འཛིན་བསམ་མཁར་བསྟན་པ་ལགས་ཀྱིས་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་ཤེས་ཡོན་དང་འཕྲོད་བསྟེན་ ཚན་རིག་སོགས་གནད་དོན་གང་ཅིའི་ཐད་ནས་མདུན་བསྐྱོད་ཆེན་པོ་སོང་ཡོད་ནའང་དྲག་ལས་དང་སྡང་སེམས་ཀྱི་འཁོན་འཁྲུག་ཇེ་མཐོར་འགྲོ་བའི་གནས་སྟངས་ལ་ཐུགས་འཚབ་གསལ་སྟོན་གནང་སྟེ་གསར་འགོད་པ་ཚོས་གནས་ཚུལ་མཁོ་སྒྲུབ་དང་བཀོད་བྲིས་བྱེད་པའི་སྐབས་གཡེར་གྲགས་ཆོད་པའི་གནས་ཚུལ་དང་འཁྱོག་བཤད་ཅན་གྱི་གནས་ཚུལ་མ་ཡིན་པར་རྒྱུ་མཚན་ལྡན་པའི་གནས་ཚུལ་བཀོད་བྲིས་བྱ་གལ་ཆེ་བའི་སྐོར་ས་གནས་ཀྱི་བོད་རིགས་དང་རྒྱ་གར་བའི་གསར་འགོད་པ་ཚོར་ནན་བརྗོད་གནང་ཡོད་པ་རེད།