མེར་བསྲེག་བཏང་བའི་ལས་འགུལ་མཚམས་འཇོག་གི་རེ་སྐུལ།
2012.03.09
༄༅༎བོད་ཕྱི་ནང་གཉིས་སུ་ཡོད་པའི་གནས་ཡོད་བོད་རིགས་མི་སྣ་གསུམ་གྱིས་བོད་ནང་ཡོད་པའི་བོད་མི་མང་ཚོགས་ལ་རང་ལུས་མེར་བསྲེག་བཏང་བའི་ལས་འགུལ་དེ་རིགས་མཚམས་འཇོག་ཡོང་བའི་རེ་སྐུལ་ཤུགས་ཆེ་གནང་ཡོད་པ་དང་ རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་ཡིན་ན་ འདི་ནི་བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་ དེ་བས་གསོན་པོར་གནས་ནས་འཐབ་བརྩོད་རྒྱུན་འཁྱོངས་བྱ་དགོས་པ་གསུངས་ཡོད་པ་རེད་
དེ་ཡང་མདོ་སྨད་སྐུ་འབུམ་གྱི་དགོན་པའི་མཁན་པོ་དེང་སྐབས་ཨ་རིའི་ནང་ཞུགས་ཨ་ཀྱཱ་རིན་པོ་ཆེ་མཆོག་དང་ རྒྱ་ནག་གི་རྒྱལ་ས་པི་ཅིང་ནང་ གཏན་སྡོད་བེུད་རྩོམ་བྲིས་པ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ མདོ་སྨད་ཁུལ་སྙན་ངག་རྩོམ་བྲིས་པ་དགའ་བདེ་ཚེ་རིང་ལགས་བཅས་གསུམ་ཐོུང་གིས་དཀའ་སྡུག་དང་གཉའ་གནོན་འོག་བོད་མིས་རང་ལུས་མེར་བསྲེག་མི་གཏོང་བའི་འབོད་སྐུལ་”ཞེས་ཞུ་འབུལ་གསལ་བསྒྲགས་ཤིག་གནང་ཡོད་ཅིང་ དེའི་ནང་ཁོང་གསུམ་གྱིས་བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་ད་བར་སྐྱ་སེར་ཕོ་མོ་ཉེ་ཤུ་རྩ་དྲུག་ཙམ་བྱུང་ཡོད་པ་དང་དེའི་ནང་ནས་མི་གྲངས་བཅུ་དགུ་ཙམ་་འདས་གྲོངས་སུ་ཕེབས་ཟིན་ཡོད་ཅིང་རང་ལུས་མེར་སྲེག་བཏང་བ་དེས་བོད་མིའི་མངོན་འདོད་མཚོན་གྱི་ཡོད་ཀྱང་མངོན་འདོད་དེ་ཉིད་དོན་དངོས་ཀྱི་འཚོ་བ་འགྱུར་བར་ཚེ་སྲོག་གསོན་དགོས་པ་དང་ གལ་ཏེ་ད་དུང་མུ་མཐུད་ཏེ་རང་ལུས་མེར་བསྲེགས་ན་བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་ ད་ནས་བཟུང་སྟེ་ཚང་མས་རང་ལུས་མེར་བསྲེགས་མི་གཏོང་བར་བོད་མི་རེ་རེ་ཡི་ཚེ་སྲོག་གཅེས་འཛིན་གྱིས་སྡུག་རུས་གནང་སྟེ་ གསོན་ཐབས་བྱ་རྒྱུ་ནི་ཤིན་ཏུ་ གལ་ཆེ་ཡིན་པ་དང་ ད་བར་བོད་མི་ཁྲི་འབུམ་མང་པོའི་ཚེ་སྲོག་གསོན་པར་བརྟེན་ད་ལྟ་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་དང་ ཁྲག་རྒྱུན་ བརྒྱུད་སྤེལ་བྱེད་ཐུབ་ཡོད་ཅེས་བཀོད་ཡོད་པ་རེད་
ཡང་ཁོང་གསུམ་གྱིས་བོད་ཀྱི་ཆོས་བྱེད་དགེ་འདུན་པ་དང་ལོ་ལོན་པའི་རྒན་པོ་གཞན་ཡང་ཤེས་ལྡན་མི་སྣའི་གཙོས་བོད་མི་མང་ཚོགས་ལ་རང་གི་ཆོས་གྲོགས་དང་ དད་ལྡན་མི་དམངས་ མདོར་ན་ཡུལ་མི་སྐྱ་སེར་ཕོ་མོ་རྣམས་ཀྱིས་མུ་མཐུད་རང་ལུས་མེ་བསྲེག་ལ་མི་འཇུག་པའི་ལྟ་སྐུལ་ གནང་རོགས་ཞེས་རེ་སྐུལ་ཤུགས་ཆེ་ཞིག་ཀྱང་གནང་ཡོད་འདུག