བོད་དུ་བཙོན་ཁང་དོ་དམ་ལ་ཤུགས་སྣོན་དགོས་པའི་བརྡ་ཁྱབ།
2012.05.03
༄༅༎བོད་རང་སྐྱོང་ལྗོངས་ལྟ་སྲུང་ཁང་དུ་བཙོན་པའི་ཐུག་འཕྲད་བཀག་འགོག་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་བྱས་པར་ལྟར་ན་ ཉེ་དུས་ཕྱི་ཟླ་ ༣ པའི་ནང་ བོད་རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་སྤྱི་ཁྱབ་ཁང་ཞེས་པས་ བཙོན་ཁང་ཁག་ལ་ནང་ཁུལ་བརྡ་ཐོ་ཞིག་བཏང་ཡོད་འདུག བརྡ་ཐོའི་ནང་ ལྟ་སྲུང་ཁང་དུ་བཙོན་འཇུག་བཀག་ཉར་་བྱེད་བཞིན་པའི་བཙོན་པ་ཚོར་ དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད་ དུས་ཚོད་ངེས་མེད་རིང་ ནང་མི་ཐུག་འཕྲད་བྱ་རྒྱུ་བཀག་འགོག་བྱས་ཏེ་ བཙོན་ཁང་དེར་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཚོར་ གནས་སྐབས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་བཏང་ཡོད་འདུག བརྡ་ཐོའི་ནང་མུ་མཐུད་གསལ་བར་ བོད་རང་སྐྱོངས་ལྗོངས་ལྟ་སྲུང་ཁང་ནང་ བཙོན་པར་འདྲི་རྩད་བྱེད་མཁན་འདྲི་གཅོད་ལས་ཁུངས་ཀྱི་མི་སྣ་སོགས་བཙོན་ཁང་དུ་ཡོང་སྟེ་ ཐད་ཀར་བཙོན་པ་དང་ཐུག་འཕྲད་མི་ཆོག་པར་ བཙོན་ཁང་གི་འགན་འཛིན་དང་ངོ་གཏུགས་བྱེད་དགོས་པ་དང༌ བཙོན་སྲུང་བ་ཚོས་ཆུ་ཚོད་ ༢༤ རིང་ སྡོད་བྱ་ལྷོད་གཡེང་མེད་པ་བྱ་རྒྱུ་དང་ བཙོན་པ་དང་འབྲེལ་བའི་ཡིག་ཚགས་སོགས་ གསང་བ་ཕྱི་ལ་མ་ཤོར་བ་བྱེད་དགོས་པ་སོགས་བཀོད་ཡོད་འདུག དེ་བཞིན་ཡང་གཞུང་འབྲེལ་བརྡ་ཁྱབ་དེའི་ནང་བཀོད་པར་ བཙོན་ཁང་ནང་གསར་འཛུགས་བྱས་པའི་བརྙན་འཕྲིན་བསྡུ་ལེན་འཕྲུལ་ཆས་ལ་བརྟེན་ནས་ བཙོན་པའི་འགུལ་ཕྱོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ནན་ཏན་བྱས་ཏེ་ བཙོན་སྲུང་བས་སྲུང་བྱའི་འཐུས་ཤོར་མི་འགྲོ་བའི་ཐོག་ བཙོན་པ་ཚོར་ དོ་དམ་ནན་པོ་བྱས་ཏེ་ ལྷ་སའི་བདེ་འཇགས་དང་བརྟན་ལྷིང་ལ་ གནོད་སྐྱོན་མི་ཕོག་པ་བཟོ་དགོས་པའི་སྐོར་ཛ་དྲག་གི་བརྡ་ཐོའི་ནང་བཀོད་པ་རེད་ བོད་རང་སྐྱོང་ལྗོངས་ལྟ་སྲུང་ཁང་ནི་ ལྷ་སའི་བྱང་ཕྱོགས་གསང་ཡིབ་ཁུལ་དུ་ཡོད་ཅིང༌ བཙོན་ཁང་དེ་བཞིན་ ༡༩༨༣ གཡས་གཡོན་དུ་གསར་བཙུགས་ཀྱིས་ བཙོན་པ་དོ་དམ་བྱ་རྒྱུ་འགོ་བཙུགས་ཡོད་པ་མ་ཟད་ རང་སྐྱོངས་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་སྡེ་ཚན་བཞི་པའི་ཁྱབ་ཁོངས་ཀྱི་ལྟ་སྲུང་ཁང་བཙན་ཤོས་གྲས་ཤིག་ཡིན་པ་རེད་ ༡༩༨༣ ལོར་ བོད་ནང་རྡུང་རྡེག་ཚ་ནན་ཞེས་པའི་ལས་འགུལ་ཐོག་མར་འགོ་འཛུགས་སྐབས་ ཆབ་སྲིད་བཙོན་པ་ཁག་ཅིག་ བཙོན་ཁང་དེའི་ནང་ གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་དང༌ དེ་ནས་སྔ་རྗེས་སུ་བཙོན་ཁང་དེའི་ནང་ གདན་ས་གསུམ་གཙོ་བོར་གྱུར་བའི་ཆབ་སྲིད་བཙོན་པ་གྲགས་ཅན་ མང་དག་ཅིག་ཐོག་མར་འཛིན་བཟུང་བྱས་རྗེས་ གསང་བའི་ཐོག་བཀག་ཉར་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་བཅས་གནས་ཚུལ་ནང་གསལ་འདུག་།།