བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁང་གི་གསར་འགོད་གསལ་བསྒྲགས།
2012.05.09
༄༅༎ཛམ་ཐང་ཁུལ་དུ་བོད་དོན་ཆེད་བོད་མི་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་ སྣང་གྲོལ་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་དང་ ཞལ་ཆེམས་ཕྱིར་འབྱོར་བྱུང་བའི་ཐོག་དེ་རིང་ཕྱི་ཟླ་ལྔ་པའི་ཚེས་༩ཉིན་རྡ་ས་གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་ གསར་འགོད་ལྷན་འཚོམས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་འབྲེལ་འཐུད་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་ཡོད་པ་དང་ དེ་རྗེས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་༤པའི་ཚེས་༡༩ཉིན་མགོ་ལོག་འཛམ་ཐང་དུ་རང་ལུས་མེར་སྲེག་གཏོང་མཁན་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་གཉིས་ཀྱིས་མཉམ་དུ་བཞག་པའི་སྒྲ་བཅུག་ཞལ་ཆེམས་དང་ དེ་བཞིན་ཁོང་གཉིས་ཀྱི་འདྲ་པར་དང་ ད་ལོ་ཕྱི་ཟླ་གཉིས་པའི་ཚེས་༡༩ཉིན་ཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གཏོང་མཁན་སྣང་གྲོལ་ལགས་མེས་ཚིག་ཟིན་པའི་འདྲ་པར་དང་མ་གྲོངས་གོང་གི་འདྲ་པར་ལག་བྲིས་ཞལ་ཆེམས་དངོས་དང་ ད་ལོ་ཕྱི་ཟླ་དང་པོའི་ཚེས་༢༦ཉིན་བར་མ་ཤང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་སྐབས་རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བའི་སློབ་མ་ཨོ་རྒྱནལགས་བཅས་ཀྱི་འདྲ་པར་རྣམས་བརྙན་པར་བརྒྱུད་གསར་འགོད་པ་རྣམ་ལ་སྟོན་མུས་སྐབས་ ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་བརྙན་པར་དེ་དག་ལ་འགྲེལ་བཤད་གནང་ཡོད་ཅིང་ དེ་ནས་ཁོང་གིས་གསར་འགོད་གསལ་བསྒྲགས་སྤེལ་སར་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཉི་ཤུ་བརྒལ་བར་ བརྙན་པར་དེ་དག་གསར་འགོད་པ་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ཁྱབ་སྤེལ་ཤུགས་ཆེར་བཏང་བའི་ཐོག ཁོང་རྣམ་པས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བ་དེ་ ང་ཚོས་བསམ་པ་རྣམ་དག་གི་སྒོ་ནས་བོད་དོན་ཐག་རྒྱབ་སྐྱོར་ནུས་པ་ལྡན་པ་ཞིག་ཡོང་ཆེད་ རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསར་འགོད་པ་རྣམས་ལ་བརྙན་པར་རྣམས་རྒྱལ་སྤྱིའི་སྟེང་བེད་སྤྱོད་ལེགས་པོ་གཏོང་ཐབས་གནང་རྒྱུའི་འབོད་སྐུལ་གནང་ཡོད་འདུག