ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་ལ་སྐྱོན་བརྗོད།
2013.12.05
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་པར་ཨ་རིའི་སྲིད་འཛིན་གཞོན་པས་སྐྱོན་བརྗོད་གནང་འདུག
དེ་ཡང་གནས་ཚུལ་དེ་ནི་དབྱིན་ཇིའི་སྲིད་བློན་ཌེ་ཝེ་ཌི་ཁར་མེ་རོང་David Cameron གྱིས་རྒྱ་ནག་ནང་གི་གསར་འགོད་རང་དབང་ཐོག་བློ་འཚབ་ཡོད་པ་གསུང་པའི་ཉིན་གཅིག་གི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་པ་དང་། ཨ་རིའི་སྲིད་འཛིན་གཞོན་པ་རྦ་ཌེན་Biden གྱིས་ཨ་མི་རི་ཀ་དང་། རྒྱ་ནག་དབར་ལྟ་བ་ཐ་དད་ཀྱི་གནས་ཚུལ་མང་པོ་ཞིག་ཡོད་པའི་ནང་ནས་གཅིག་ནི་རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་ཚོར་སྟངས་འཛིན་ནན་པོ་བྱེད་བཞིན་པའི་གནད་དོན་དེ་རེད། སྨྲ་བརྗོད་དང་། གསར་འགོད་རང་དབང་སོགས་ལས་ལམ་ལུགས་ལ་ཞེན་ཆགས་ཀྱིས་སྲོལ་རྒྱུན་ལ་གདོང་ལེན་བྱེད་ཐུབ་པ་དང་། མཇུག་འབྲས་ཇི་བྱུང་གི་འཇིགས་སྣང་མི་དགོས་པའི་ཐོག་ནས་བདེན་པའི་གནས་ཚུལ་འདོན་སྤེལ་ཐུབ་པའི་ནུས་པ་སྦྱིན་ཐུབ་ཀྱི་རེད་ཅེས་གསུང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཙམ་མ་ཡིན་པར་། ཆབ་སྲིད་དང་། སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་གནང་དགོས་པ་མང་པོ་ཞིག་ཡོད་པ་རེད་ཅེས་གསུང་ཡོད་།
ཡང་ཚེས་༥ཉིན་གྱི་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་པ་ཧོང་ལིས་ཡིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྔར་དང་མི་འདྲ་བར་གསར་འགྱུར་མཁོ་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་ཚུལ་བརྗོད་འདུག ཡིན་ནའང་ཨ་རིའི་རྦི་ལོམ་རྦིར་རྒི་Bloomberg གསར་སྤེལ་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་མཐོ་གྲས་དང་། ཚོང་པ་གྲགས་ཅན་དབར་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་བྲིས་པའི་རྐྱེན་གྱིས་། དབྱིན་ཇིའི་སྲིད་བློན་ཁར་མེ་རོང་དང་རྒྱ་ནག་གི་སྲིད་བློན་ལིས་ཁི་ཆིང་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་རྦི་ལོམ་རྦི་རྒི་Bloomberg གསར་སྤེལ་ཁང་གི་གསར་འགོད་པ་ཡོང་དུ་བཅུག་མེད་པ་རེད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་ལྕགས་མོ་འཚོ།