ཨ་རིར་བཅའ་སྡོད་རྒྱ་མིའི་གཞུང་ཚབ་དུ་གསར་འགོད་ལྷན་ཚོཌ།
2008.12.10
༄༅༎ཁ་ས་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཤིག་གིས་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་དང་ལྷན་ཚོགས་དེའི་ཐོག་གསར་འགོད་པར་བོད་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཁག་ཅིག་གླེང་ཡོད་པ་རེད།
རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པ་སྲིད་ཐར་གྱིས་ཁ་ས་ཕྱི་ཚེས་དགུ་ཉིན་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་མིའི་གཞུང་ཚབ་ཀྱི་ནང་གསར་འགོད་ལྷན་ཚོགས་ཤིག་སྐོངས་འཚོགས་བྱས་ཡོད་པ་དང་ལྷན་ཚོགས་དེའི་ཐོག་སྲིད་ཐར་གྱིས་ད་རེས་ཁོ་པས་གཙོ་བོར་བྱེད་རྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོང་ནས་ཨ་རིའི་གཞུང་འབྲེལ་དཔོན་རིགས་ཁག་ཅིག་དང་དེ་ག་ནང་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལྷན་དུ་མཇལ་འཕྲད་ཞུས་སྟེ་བོད་ཀྱི་གནད་དོན་སྐོར་གླེང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། མི་འགའ་ཤས་ཀྱིས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཐོག་ཐེ་ཇུས་བྱེད་ཀྱི་འདུག ད་རེས་ང་ཚོས་བོད་ཀྱི་གནད་དོན་དེ་གསལ་པོ་ཞིག་བཟོ་རྒྱུ་ནི་བོད་ཀྱི་གནད་དོན་དེ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཞིག་མིན་པར་དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཆའི་མངའ་ཁོངས་ཀྱི་གནད་དོན་ཞིག་ཡིན་རེད། ང་ཚོས་རྒྱལ་སྤྱིའི་ནང་གནས་ཚུལ་གསལ་བཤད་དགོས་ཀྱི་རེད་ཅེས་གསར་འགོད་པར་བརྗོད་ཡོད་པ་རེད། ཡང་གསར་འགོད་པས་སྲིད་ཐར་ལ་ན་ནིང་ཨ་མི་རི་ཀའི་གྲོས་ཚོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་སྐོར་གནས་ཚུལ་གླེང་བའི་སྐབས་སྲིད་ཐར་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་གཞུང་གཉིས་དབར་གནད་དོན་འགའ་ཤས་ཐོག་མི་མཐུན་པའི་དགོངས་ཚུལ་ཡོང་གི་ཡོག་རེད། དེ་དང་ཆབས་ཅིག་ང་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་བ་དེ་ཧ་ཅང་གི་གལ་འགངས་ཆེན་པོར་རྩིས་ཀྱི་ཡོད། དེར་བརྟེན་ང་ཚོས་ཕྱོགས་གཉིས་ཀའི་ངོས་ནས་ཕན་ཚུན་གནས་འཕྲིན་འབྲེལ་མཐུད་གནང་དགོས་ཡས་དེ་གལ་འགངས་ཆེན་པོ་ཞིག་ཡིན་པ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག ཁ་ས་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ནང་གསར་འགོད་ལྷན་ཚོགས་སྐོངས་འཚོགས་བྱེད་པའི་སྐབས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ལ་སོགས་པའི་གསར་འགོད་པ་མང་པོ་ཞིག་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་བཅུག་མེད་པ་དང་ཁ་སའི་གསར་འགོད་ལྷན་ཚོགས་སྐབས་ཕྱི་ཕྱོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།