རྒྱ་ནག་སྲིད་འཛིན་ཧུའུ་ཇིན་ཐའོ་ཨ་རིར་འཚམས་གཟིགས།
2010.12.23
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་རིང་མིན་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་ཨ་རིའི་སྲིད་འཛིན་ལྷན་དང་ཆེས་མཐོའི་མཇལ་མོལ་གྱི་མཛད་འཆར་གཏན་འབེབས་ཟིན་འདུག་ལ་ དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཛོམས་འདིའི་བརྒྱུད་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱིའི་དང་ཨེ་ཤི་ཡའི་ཁུལ་གྱི་གནད་དོན་ཁག་གི་ཐོག་རྒྱལ་ཁབ་གཉིས་དབར་མཐུན་འབྲེལ་རྒྱ་ཆེར་གཏོང་རྒྱུའི་རེ་བ་བཞེས་ཀྱི་ཡོད་སྐོར་གནས་ཚུལ་ཐོན་འདུག་༎
སྲིད་འཛིན་ཧུའུ་ཇིན་ཐའོ་མཆོག་ཟླ་བ་འདིའི་ཚེས་༡༩ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་གཏན་འཁེལ་ཡོད་པ་རེད་ རྒྱ་ནག་གི་སྲིད་འཛིན་མཆོག་གི་རྒྱལ་དོན་འཚམས་གཟིགས་འདི་བཞིན་ཉེ་བའི་ཆར་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་གྱི་འཁོན་འཛིན་དང་ ལྷག་པར་དུ་བྱང་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གནད་དོན་སོགས་ལ་རྐྱེན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཕྲན་བུའི་ཉམས་ཉེས་སུ་སོང་ཡོད་པར་བརྟེན་ད་རེས་དབུ་འཁྲིད་རྣམ་གཉིས་ཀྱི་ཆེས་མཐོའི་གྲོམ་མོལ་མཇལ་འཛོམ་འདིའི་ཐོག་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་དམིགས་ས་བཞེས་ཀྱི་ཡོད་པའི་སྐོར་གནས་ཚུལ་ནང་གསལ་འདུག
ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་སྤེལ་བའི་སྤྱི་སྒྲགས་ནང་གསལ་ལྟར་ན་སྲིད་འཛིན་ཨོ་སྦ་མ་མཆོག་ནས་རྒྱལ་ཁབ་གཉིས་དབར་མཐུན་ཕྱོགས་ཀྱི་ཁེ་ཕན་མདུན་སྐྱོད་དང་དེ་བཞིན་མི་མཐུན་པའི་གནད་དོན་རིགས་ལ་གྲོས་མོལ་བཀའ་བསྡུར་ཞུ་ཆེད་རྒྱ་ནག་གི་སྲིད་འཛིན་མཆོག་གི་ རྒྱལ་དོན་འཚམས་གཟིགས་ལ་ངང་སྒུག་གནང་བཞིན་པ་མ་ཟད་སྲིད་འཛིན་ཧུའུ་ཇིན་ཐའོ་མཆོག་ལ་རྒྱལ་ཁབ་ཀྱི་ཚད་མཐོའི་སྣེ་ལེན་ཟབ་རྒྱས་ཞུ་རྒྱུ་ཡིན་པར་གསལ་འདོན་གནང་བཞག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅིའང་ཡུའུ་གིས་སྲིད་འཛིན་ཧུའུ་ཇིན་ཐའོ་མཆོག་གིས་ཨ་རིར་རྒྱལ་དོན་འཚམས་གཟིགས་འདིའི་ཐོག་རྒྱ་ནག་དང་ཨ་རི་དབར་བཟང་ཕྱོགས་དང་ལས་དོན་གྱི་ཆ་ནས་མཉམ་ལས་ཀྱི་མཐུན་འབྲེལ་གང་ཞིག་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་འགྲེལ་བརྗོད་བྱས་འདུག མཛད་འཆར་གཞིར་བཟུང་ལྟར་ན་དབུ་འཁྲིད་རྣམ་གཉིས་དབར་ཨ་རིའི་སྲིད་འཛིན་ཕོ་བྲང་ནང་ཆེས་མཐོའི་མཇལ་མོལ་གནང་རྒྱུ་ཡིན་པ་རེད་ དེ་སྔ་༢༠༠༦ལོར་སྲིད་འཛིན་ཧུའུ་ཇིན་ཐའོ་ཨ་རིར་གཟིགས་སྐོར་ཐོག་མ་དེ་ཕེབས་སྐབས་ཨ་རི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་མཆོག་གི་གཟིགས་སྐོར་དེ་བཞིན་རྒྱལ་དོན་འཚམས་གཟིགས་ཀྱི་ངོ་བོ་མ་ཡིན་པར་གཞུང་འབྲེལ་གྱི་གཟིགས་སྐོར་རྣམ་པའི་ཐོག་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་ དེ་བཞིན་སྲིད་འཛིན་རྣམ་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་སྐབས་ཕ་ལུན་ཀུང་ལས་འགུལ་བ་ཞིག་ནས་ གློ་བུར་ངོ་རྒོལ་སྐད་འབོད་བྱས་པའི་དོན་རྐྱེན་སོགས་ལ་རྒྱ་ནག་གཞུང་ནས་ཕོག་ཐུག་གི་རྣམ་འགྱུར་བསྟན་ཡོད་པ་རེད་ ད་རེས་ཀྱི་གཟིགས་སྐོར་འདིའི་སྐབས་སྲིད་འཛིན་ཧུའུ་ཇིན་ཐའོ་མཆོག་ལ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་ནང་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་སོགས་པའི་རྒྱལ་ཁབ་ཀྱི་ཚད་མཐོའི་ཕེབས་བསུ་སྣེ་ལེན་ཟབ་རྒྱས་འབུལ་རྒྱུ་ཡིན་པ་རེད་༎