རྒྱ་ནག་དམར་པོའི་སྲིད་དབང་ལོ་དྲུག་བཅུ་གནས་པའི་རྒྱུ་རྐྱེན།

བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་དྲུག་བཅུ་བར་དུ་གནས་ཐུབ་པའི་རྒྱུ་རྐྱེན་གསུངས་འདུག

2009.09.30

༄༅༎བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་དྲུག་བཅུ་བར་དུ་གནས་ཐུབ་པ་དེ་ནི་འགྲོ་བ་མི་རིགས་ཡོངས་ཀྱི་བསོད་ནམས་མེད་པ་དང་འབད་བརྩོན་ཉུང་དྲག་པའི་གནས་བབ་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་འདུག

དེ་ཡང་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་སྟོན་དེ་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་གྲ་རྒྱས་པོའི་སྒོ་ནས་བྱེད་ཀྱི་ཡོད་པ་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བལྟས་པ་ཡིན་ན་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཧ་ཅང་བསོད་བདེ་དམན་པའི་གནས་སྟངས་ཤིག་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མི་རིགས་ལྔ་བཅུ་ང་དྲུག་ཡོངས་སུ་རྫོགས་པ་ལོ་དྲུག་བཅུའི་རིང་གཅིག་སྡུད་དབང་འཛིན་རིང་ལུགས་པའི་སྲིད་དབང་སྒེར་གཅོད་འོག་ལ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་དང་ཆོས་དད་རང་དབང་ སྨྲ་བརྗོད་རང་དབང་ མིའི་གཞི་རིམ་གྱི་ཐོབ་ཐང་གང་ཡང་མེད་པར་མནར་གཅོད་སྡུག་བསྔལ་ཚད་ལས་འདས་པ་ཞིག་མྱོང་དགོས་རྒྱུའི་དུས་ཚོད་རིང་པོ་ཞིག་ཕྱིན་པ་རེད། ལོ་གྲངས་དྲུག་བཅུ་དེའི་རིང་ལ་རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་ཕྱོགས་ནས་ཕྱིར་བལྟས་ཤིག་སློག་པ་ཡིན་ན་ཐོག་མར་མང་གཙོའི་གསར་བརྗེ་དང་དེའི་རྗེས་སུ་རིག་གནས་གསར་བརྗེ་ལ་སོགས་པའི་དཀའ་ངལ་ཚད་ལས་འདས་པ་ཞིག་མི་རིགས་ཡོངས་རྫོགས་ཀྱིས་མྱང་ཡོད་ དེའི་རྗེས་ལ་ཕྲན་བུའི་བརྟན་ལྷིང་བྱུང་བ་དང་ལྷག་པར་དུ་དཔལ་འབྱོར་གུ་ཡོངས་ཀྱི་གནས་ཚུལ་བྱུང་བ་ནས་བཟུང་སྟེ་འཛམ་བུ་གླིང་གི་མི་གཞན་པ་ཚོས་རྒྱ་ནག་ནང་ལ་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཚད་ཆེན་པོ་ཐོག་ལ་འགྲོ་བཞིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དུས་རབས་ཉི་ཤུ་པའི་མཇུག་ལ་དཔལ་འབྱོར་གྱི་ཡར་རྒྱས་འཛམ་བུ་གླིང་ཡོངས་སུ་རྫོགས་པར་ཕྱིན་པ་རེད་མ་གཏོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཅིག་པུར་ཕྱིན་པ་ཞིག་རྩ་བ་ནས་མ་རེད། རྒྱ་གར་དང་བལ་ཡུལ་ འབྲུག་ཡུལ་ལ་སོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚང་མའི་ནང་དཔལ་འབྱོར་ཡར་རྒྱས་གོ་ལ་གཅིག་གྱུར་གྱི་རིང་ལུགས་འོག་སོང་ཡོད་ ཡིན་ནའི་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་མགྱོགས་ཚད་མཐོ་པོ་ཡོང་རྒྱུ་དེ་ནི་ལས་མིར་ཚད་ལས་འདས་པའི་བཤུ་གཞོག་བཏང་བ་ གླ་ཆ་ཆུང་ཆུང་དང་ གླ་ཆ་མེད་པ་ ཕྲུ་གུའི་ལས་མི་ བཙོན་པ་ལས་མི་སོགས་པའི་དབང་གིས་གཅིག་སྡུད་དབང་འཛིན་གྱི་བཙན་དབང་འོག་ནས་དཔལ་འབྱོར་གྱི་མཐུན་རྐྱེན་གཞན་ལས་ལྷག་པ་ལྟ་བུ་ཞིག་བྱུང་ཡོད་པ་རེད། དེ་ལྟར་ལོ་དྲུག་བཅུ་བར་གནས་ཐུབ་པ་དེ་ནི་དངོས་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསོད་བདེ་མེད་པ་དང་འབད་བརྩོན་ཉུང་དྲགས་པའི་གནས་བབ་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་འདུག ཡིན་ནའང་མ་འོང་པར་ད་ལྟ་ནང་བཞིན་གཅིག་སྡུད་ཀྱིས་བཙན་དབང་དེ་རྒྱུན་རིང་པོ་ཞིག་གནས་ཐུབ་ཀྱི་མེད་པར་ང་ཚོས་ངོས་འཛིན་དང་ཡིད་ཆེས་གསལ་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎