ཨ་རིའི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ།
2008.06.02
༄༅༎རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པའི་སྐོར་ ཨ་མི་རི་ཀའི་གཞུང་གིས་ལོ་འཁོར་གྱི་སྙན་ཐོའི་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དེར་ དེ་རིང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་ངོས་ལེན་མེད་སྐོར་ལན་འདེབས་བྱས་ཡོད་པ་རེད་
དེ་ཡང་ཆིན་ཀང་གིས་ གསར་འགོད་གསལ་བསྒྲགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ རྒྱ་ནག་གཞུང་གིས་རང་གི་མི་སེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་ཡར་རྒྱས་གང་ཆེ་བཏང་ཡོད་པར་ ཨ་རིའི་གཞུང་གི་སྐྱོན་བརྗོད་དེ་ དངོས་ཡོད་གནས་སྟངས་དང་མི་མཚུངས་པར་ ཁུངས་ལུངས་མེད་པའི་བཀའ་མོལ་ཞིག་ཡིན་སྐོར་ལན་འདེབས་བྱས་ཡོད་པ་རེད་ ཨ་མི་རི་ཀའི་གཞུང་གིས་ད་རེས་ཉིན་ཤས་གོང་འདོན་སྤེལ་གནང་བའི་ རང་དབང་དང་དམངས་གཙོ་འཕེལ་རྒྱས་ཞེས་པའི་ འདིའི་ལོའི་སྙན་ཐོའི་ནང་ རྒྱ་ནག་གཞུང་གིས་རང་གི་མི་མང་གི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱ་རྒྱུའི་མཚོན་ མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པ་དང་ དེའི་ནང་དམིགས་བསལ་གྱི་བོད་ནང་བོད་མི་ཚོར་འདི་ལོའི་ཕྱི་ཟླ་༣ པ་ནས་འགོ་བཙུགས་ བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ་དྲག་གནོན་གྱིས་ བོད་མིའི་ཚེ་སྲོག་བཅད་པ་སོགས་ཀྱིས་ བོད་ནང་ཆེས་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་གནད་དོན་ཐེར་བཏོན་གྱིས་ རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་ཞིག་གནང་ཡོད་པ་རེད་ རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་གོང་ཞུའི་སྙན་ཐོའི་སྐྱོན་བརྗོད་ལ་ལན་འདེབས་སུ་ ཨ་རིའི་གཞུང་གིས་དམངས་གཙོ་དང་ འགྲོ་བ་མིའི་ཐོབ་ཐང་གི་མིང་ཐོག་ རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་ དེ་ལས་རྒྱ་ནག་དང་ཨ་མི་རི་ཀའི་ཡུལ་གཉིས་དབར་ཡིད་ཆེས་འཕེལ་རྒྱས་ཆེ་རུ་གཏོང་རྒྱུ་རྩོན་དགོས་སྐོར་གཏམ་བཤད་བྱས་ཡོད་པ་རེད་