བོད་ནང་གི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་ཧིནྡུ་ཆོས་ལུགས་ལྟར་མ་ཧཱ་ཀུམྦ་མེ་ལ་ཐོག་ཨར་ཐིའི་མཆོད་འབུལ་གནང་འདུག

ཟླ་བ་འདིའི་ཚེས་ ༧ ཉིན་གྱི་བོད་དིང་རི་ས་ཁུལ་གཙོས་ཉེ་འཁོར་ས་ཁུལ་ནང་ས་ཡོམ་འགུལ་ཚད་ ༧་ ༡ བརྒྱབ་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་མ་ཟད། ཉུར་མཐར་མི་གྲངས་ ༡༢༦ གི་ཚེ་སྲོག་ཤོར་ཡོད་པར། རྒྱ་གར་ཡུ་པི་མངའ་སྡེའི་ནང་གི་ཧིནྡུའི་གནས་ཆེན་པྲ་ཡག་རཇ་(Prayagraj)ཞེས་པར་ཧིནྡུའི་ཆོས་ལུགས་ཀྱི་དུས་ཆེན་མ་ཧཱ་ཀུམྦ་མེ་ལ་(Mahakumbh Mela)འཚོག་བཞིན་པ་དང་བསྟུན། ཧིནྡུའི་བླ་མ་ཁག་ཅིག་ནས་མེའི་མཆོད་འབུལ་གནང་འདུག
དེ་ཡང་མ་ཧཱ་ཀུམྦ་མེ་ལའི་ (Mahakumbh Mela) ཉིན་དང་པོར་བོད་དང་བལ་ཡུལ་ནང་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་མེའི་མཆོད་འབུལ་(Aarti)ཞིག་གོ་སྒྲིག་ཞུས་པའི་ཐོག རི་ཤི་ཀེཤ་ནང་རྟེན་གཞི་བྱས་པའི་པཱར་མར་ཐ་ནི་ཀེ་ཏན་ཨ་ཤྲམ་(Parmarth Niketan Ashram)གྱི་ཚོགས་གཙོ་སྭ་མི་ཅི་དཱ་ནནྡ་ས་ར་སྭ་ཏི། (Swami Chidanand Saraswati ) ལགས་ཀྱིས་བོད་དང་བལ་ཡུལ་དུ་ས་ཡོམ་རྐྱེན་པས་འདས་གྲོངས་སུ་གྱུར་བ་དང་། གནོད་སྐྱོན་ཕོག་མཁན་ཡོངས་ལ་ཐུགས་སྨོན་དང་བཅས་ས་ཡོམ་གོད་ཆག་ཁྲོད་རྐྱེན་ལམ་དུ་གྱུར་བ་མི་གྲངས་ ༡༢༦ ལ་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཧིན་བོད་ས་མཚམས་ཉེན་རྟོག་པ་བརྒྱུད་(ITBP)ཞལ་འདེབས་ཕྲན་བུ་དབུལ་རྒྱུ་ཡིན་པ་དང། དེ་ནི་རྒྱ་གར་གྱིས་འཛམ་གླིང་འདི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པར་ཁས་ལེན་ཞུ་བཞིན་པ་ལྟར་གནོད་འཚེ་ཕོག་མཁན་ཚོ་ལྷན་དུ་རྒྱ་གར་ཡོངས་རྫོགས་ཡོད་པ་མཚོན་ཆེད་ཡིན་སྐོར་གསུངས་ཡོད་པ་(ANI)གསར་འགྱུར་ལས་ཁང་གིས་བཀོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ཅིང་། མི་ ༡༢༦ རྐྱེན་འདས་དང་མི་ ༡༨༨ ལ་རྨས་སྐྱོན་ཕོག་པ་ཕྱི་ཚེས་ ༨ བར་གྱི་གྲངས་འབོར་ཐོན་པའི་ཐོག ཕྱི་ཟླ་ ༡ ཚེས་ ༡༠ ཉིན་འདས་གྲོངས་བྱུང་པའི་གྲངས་འབོར་རང་འཇགས་ཐོག་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༣༣༧ ལ་ཕར་ཡོད་པ་རྒྱ་ནག་གི་(Global Times)གསར་ཁང་ནས་གནས་ཚུལ་སྤེལ་ཡོད་པ་རེད།
སྤྱིར་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༣ ནས་ཟླ་ ༢ ཚེས་ ༢༣ བར་རྒྱ་གར་ཨུ་ཏར་པ་ཏིས་ཤི་(Uttar Pradesh)མངའ་སྡེའི་གྲོང་ཁྱེར་པྲ་ཡ་གྷ་རཱཇ་ (Prayagraj)དུ་མཧཱ་ཀུམྦྷ་མེ་ལ་(Mahakumbh Mela)འཚོག་བཞིན་ཡོད་པ་དང་། ཀུམྦ་མེ་ལ་དེ་བཞིན་ལོ་གསུམ་རེར་ས་གནས་པྲ་ཡག་རཇ་དང་། (Prayagraj) ཧ་རིད་ཝར།(Haridwar) ན་ཤིཀ (Nashik) ཨུ་ཇེན། (Ujjain) ས་གནས་མི་འདྲ་བ་བཞིར་རིམ་པ་བཞིན་གོ་སྒྲིག་ཞུ་བཞིན་ཡོད་ལ། མཧཱ་ཀུམ་བྷ་དུས་ཆེན་དེ་ལོ་བཅུ་གཉིས་རེའི་མཚམ་སུ་པྲ་ཡ་གྷ་རཱཇ་ནང་གོ་སྒྲིག་ཞུ་ཡི་ཡོད་པ་རེད།
གསར་འགོད་པ། ལོ་ཡག་བཀྲ་ཤིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།