བལ་པོའི་ཉེན་རྟོག་པས་བོད་མི་༡༨༥འཛིན་བཟུང་བྱས་ཡོད་འདུག
2008.06.08
༄༅༎དེ་རིང་བལ་ཡུལ་ནང་གི་བོད་མི་ཚོས་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ནས་བལ་པོའི་ཉེན་རྟོག་པས་བོད་མི་༡༨༥ འཛིན་བཟུང་བྱས་ཡོད་པའི་སྐོར་ཕཱ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་བལ་ཡུལ་ནང་གི་བོད་མི་ཚོས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་དམར་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་བོད་མི་༤༥༠ འཛིན་བཟུང་བྱས་པའི་རྗེས་དེ་རིང་མུ་མཐུད་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལག་འཁྱེར་ཞུ་ཡུལ་གྱི་ལས་ཁུངས་ཀྱི་ཕྱི་ཕྱོགས་སུ་ངོ་རྒོལ་ལས་འགུལ་སྤེལ་ཐབས་བྱས་པར་འཛིན་བཟུང་བྱས་ཡོད་པ་རེད། ངོ་རྒོལ་ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་ནང་ནས་ཕྱེད་ཀ་ཙམ་བུད་མེད་ཡིན་ཞིང༌། ཁོང་ཚོས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་བོད་མི་དམར་གསོད་གཏོང་བཞིན་པ་མཚམས་འཇོག་བྱ་དགོས་ཞེས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། བལ་ཡུལ་ནང་གི་བོད་མི་ཚོས་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་འགོ་བཙུགས་ཏེ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱ་སྤྱོད་ལག་བསྟར་བྱས་པར་ཉིན་ལྟར་བཞིན་ངོ་རྒོལ་ལས་འགུལ་གོ་སྒྲིག་བྱེད་བཞིན་ཡོད་ཀྱང་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་སྟེ་མི་དམངས་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་ཕྱིན་པར་བརྟེན་ནས་བཙན་བྱོལ་བོད་གཞུང་གིས་གནས་སྐབས་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་བར་བརྟེན་ནས་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཀྱང་ཟླ་བ་འདིའི་ཕྱི་ཚེས་༣ ནས་སླར་ཡང་ངོ་རྒོལ་ལས་འགུལ་འགོ་བཙུགས་གནང་ཡོད་པ་རེད༎