ནང་སོག་ངོ་རྒོལ་བའི་ཐོག་དམ་བསྒྲགས་མུ་མཐུད།
2011.05.30
༄༅༎ནང་སོག་ནང་རྒྱ་གཞུང་ལ་ངོ་རྒོལ་མུ་མཐུད་མི་འབྱུང་ཆེད་དམ་བསྒྲགས་ཀྱི་བཀོད་སྡོམ་བྱེད་བཞིན་ཡོད་པ་རེད། ཁ་སྔོན་ཕྱི་ཚེས་ ༡༠ ཉིན་ནང་སོག་གི་འབྲོག་པ་ཞིག་གི་ཚེ་སྲོག་ཤོར་བའི་རྗེས་རྒྱ་ནག་གི་ནང་སོག་གི་ས་ཁུལ་ཁག་ནང་རྒྱ་གཞུང་གིས་མངའ་ཁུལ་དེར་འཛིན་པའི་སྲིད་བྱུས་ཐོག་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་ཐོན་བཞིན་ཡོད་པ་རེད།ཉེ་ལམ་ཨ་རབ་ཡུལ་གྲུ་ཁག་ནང་གྱེན་ལངས་ཀྱི་ལས་འགུལ་མང་དག་ཅིག་བྱུང་དང་བྱུང་བཞིན་པ་ལྟར་རྒྱ་ནག་ཁྱོན་ཡོངས་ནང་དེ་ལྟར་ཡོང་བའི་འཇིགས་སྣང་འོག་ནང་སོག་མངའ་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་དང་མི་མང་འདུ་འཛོམས་ས་ཁུལ་ཁག་ནང་མི་མང་འདུ་འཛོམས་མ་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད།ནང་སོག་གི་ས་ཁུལ་ཁག་ནང་བདུན་གཅིག་ཙམ་རིང་མི་མང་སྟོང་ཕྲག་མང་པོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་རེས་གཟའ་སྤེན་པ་ཉིན་ཁྲི་ཕང་(Chifeng)ཞེས་པའི་ས་ཁུལ་ནང་སློབ་ཕྲུག་དང་འབྲོག་པ་གྲངས་བརྒྱ་ཕྲག་མང་པོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་དག་ས་གནས་ཀྱི་སྲུང་སྐྱོབས་མི་སྣས་ངོ་རྒོལ་མཚམས་འཇོག་བྱེད་བཅུག་ཡོད་སྐོར་ཨ་རིའི་ནང་རྟེན་གཞི་བྱས་པའི་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་བལྟི་གནས་ཁང་གིས་གསུང་ཡོད་པ་རེད།