བོད་དོན་བདེན་པའི་མེ་ལྕེ་སྐོར་གྱི་གནས་ཚུལ་ཕྱོགས་བསྡུས།
2012.10.31
ས་གནས་ནས་གནས་ཚུལ་བཏང་དོན། བཙན་བྱོལ་བོད་མི་མང་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཡུ་རོབ་རྒྱལ་ཁབ་ཁག་མི་འདྲ་བ་ཉེར་བདུན་ལ་འགྲོ་བཞིན་པའི་ཆ་ཤས་སུ། ཕྱི་ལོ་༢༠༡༢ ཟླ་ ༡༠ ཚེས་ ༡༣་ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་ནས་ཕོ་ལན་སྒྲི་རྒྱལ་ས་བར་སོ་(Warsaw,Poland) ལ་འབྱོར་སོང་། ཉིན་དེར་བར་སོ་རྒྱལ་ཡོངས་གློག་བརྙན་དུས་སྟོན་སྐབས་སུ་བོད་ཀྱི་གློག་བརྙན་(གྲྭ་བཞི།)གཟིགས་མོར་འབུལ་བཞིན་པ་དང་སྟབས་འཁེལ་བར་བརྟེན། (གྲྭ་བཞི།)གློག་བརྙན་གྱི་འཁྲབ་སྟོན་མ་གཙོ་བོ་རྣམ་རྒྱལ་ལྷ་མོ་ལགས་ཀྱང་ཕོ་ལན་བོད་རིགས་མཐུན་ཚོགས་ཀྱི་ལས་འགུལ་ལ་མཉམ་ཞུགས་ཀྱིས་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་བསྡུ་རུབ་སོགས་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་ཡོད། ཉིན་དེའི་དགོང་མོར་རྒྱ་ནག་གཞུང་ཚབ་དང་ཉེ་བར་འདུ་འཛོམས་དང་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྣ་མང་སྤེལ་འདུག
ཚེས་༡༤་ ཉིན་བོད་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ནས་བདེན་པའི་མེ་ལྕེ་དེ་ཕོ་ལན་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཁུ་རེ་ཀོ་(Krakow)ལ་སླེབས་ཤིང་། དེར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ལྕམ་རོ་ཞཱ་ཐུན(Roza Thun)ལགས་དང་མཇལ་འཕྲད་བྱུང་ཞིང་གཏམ་བཤད་སྤེལ། དེ་བཞིན་གྲོང་ཁྱེར་ལྟེ་བར་སོང་ནས་ས་གནས་ཕོ་ལན་སྒྲི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་སྐད་འབོད་དང་། བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་བ། དེ་བཞིན་ཁྲོམ་སྐོར་སོགས་ལས་འགུལ་ལེགས་པར་གྲུབ་རྗེས་ས་གནས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རི་མོའི་འགྲེམས་སྟོན་ལ་མཉམ་ཞུགས་བྱས།
ཚེས་༡༥་ཉིན་ཕྱིར་བར་སོ་རྒྱལ་སར་ཕྱོར་སླེབས་ནས་ཕོ་ལན་རྒྱལ་ཡོངས་གྲོས་ཚོགས་ནང་དུ་བདེན་པའི་མེ་ལྕེ་གདན་འདྲེན་གནང་ཐུབ་པ་བྱུང་བ་མ་ཟད། གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གི་གཏམ་བཤད་དང་རང་གཞུང་སྤྱི་འཐུས་དབང་ཆེན་ལགས་ཀྱིས་གྲོས་ཚོགས་ཀྱི་དྲི་བར་ལན་འདེབས་གནང་བ་སོགས་བྱས་འདུག
ཚེས་༡༦ཉིན་སླར་ཡང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྣེ་ཁྲིད་ནས་བདེན་པའི་མེ་ལྕེ་ཕོ་ལན་གྱི་གྲོང་ཁྱེར་གཞན་པོ་ཟི་ནན(Poznan) དུ་སླེབས་ནས་དེ་རུ་བོད་དོན་རྒྱབ་སྐྱོར་མཁན་ཁག་དང་མཉམ་དུ་ཐུག་འཕྲད་དང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁྱབ་བསྒྲགས་སོགས་བྱས་ནས་ཉིན་གསུམ་གྱི་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་འདུག
དེ་བཞིན་ཉི་ཧོང་དང་ཤར་ཨི་ཤེ་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཁྱབ་ཁོངས་སུ་ཡོད་པའི་བྱང་ཀོ་རི་ཡར་རྒྱུན་ལྡན་འབྲེལ་བ་མེད་པ་ཕུད་། དེ་མིན་ཉི་ཧོང་དང་ལྷོ་ཀུ་རི་ཡ་ཕི་ལི་པིན་ཕྱི་སོག་བཅས་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་གྱི་ལས་འགུལ་སྤེལ་འདུག ཕྱི་ཟླ་དགུ་པའི་ཚེས་༡༥ཉིན་ཉི་ཧོང་གི་སེན་རྡའི་གྲོང་ཁྱེར་དུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་བདེན་པའི་མེ་ལྕེ་བསྐོར་བསྐྱོད་གནང་བ་དང་སྦྲགས་ས་གནས་གཅིག་ནས་ས་གནས་གཞན་དུ་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་ཁྱོན་ཉིས་སྟོང་བཞི་རྒྱ་བཅུ་གཅིག་བསྡུ་ལེན་བྱས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༣༠ཉིན་ཨི་ཤི་ནོ་མ་ཀི་གྲོང་ཁལ྄ེར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ནས་ས་གནས་སུ་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་ཁྱོན་གྲངས་༣༥༠བསྡུ་ལེན་ཞུས་ཡོད་ཅིང་། དེ་ནས་ཟླ་བཅུ་པའི་ཚེས་༧ཉིན་ཁྲོག་ཁྱོའི་ཁྲོམ་གཞུང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་དང་། དེའི་ཐོག་སྐུ་ཚབ་དོན་གཅོད་དང་། ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིས་ཀྱང་གསུང་བཤད་གནང་ཡོད་འདུག ཕྱི་ཚེས་༡༣ཉིན་ཧི་རོ་ཤི་མ་ས་གནས་ནང་ཡོད་པའི་ཞི་བདེ་སྐྱེད་མོས་ཚལ་དུ་འདུ་འཛོམས་ཀྱིས་བོད་དོན་རྒྱབ་སྐྱོར་ས་རྟགས་བསྡུ་ལེན་གནང་ཡོད་པ་མ་ཟད་། ཕྱི་ཚེས་༢༨ཉིན་གྲོང་ཁྱེར་ཡོ་ཀོ་ཧ་མར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། དེ་མིན་གྱི་ཉི་ཧོང་གྲོང་ཁྱེར་ཁག་ཅིག་ནང་རིམ་པས་སྐོར་བསྐྱོད་གནང་རྗེས། ལྷོ་ཀུ་རི་ཡའི་ཀི་རི་བོད་ཁང་དང་འབྲེལ་བའི་མི་སྣ་ཁག་ཅིག་གིས་བདེན་པའི་མེ་ལྕེ་ལྷོ་ཀུ་རི་ཡའི་ནང་སྐོར་བསྐྱོད་གནང་ཏེ་ བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་འབྲེལ་ས་རྟགས་བསྡུ་རུབ་ཁྱོན་གྲངས་ལྔ་བརྒྱ་ཉི་ཤུ་རྩ་དགུ་བསྡུ་རུབ་བྱུང་ཡོད་འདུག དེ་ནས་ཕེ་ལི་པིང་དུ་བདོ་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་ཞུས་པ་དང་ལྷན་ས་རྟགས་ཀྱང་བསྡུ་རུབ་གནང་ཡོད་འདུག་པ་དང་ཕྱོགས་མཚུངས་ཕྱི་སོག་ཏུ་འོད་ཟེར་རིན་པོ་ཆེ་དང་ཁོང་གི་ཕྱག་རོགས་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་གནང་འདུག