བལ་ཡུལ་གཞུང་གིས་བོད་མིའི་ཐོག་སྔར་བར་དམ་དྲག་བྱེད་རྒྱུའི་རེ་བ།
2016.04.01
རྒྱ་ནག་གིས་བལ་ཡུལ་ལ་རོགས་རམ་དང་མཉམ་བལ་ཡུལ་གཞུང་གིས་བོད་མིའི་ཐོག་སྔར་བས་དམ་དྲག་བྱེད་རྒྱུའི་རེ་བ་བཅངས་བཞིན་ཡོད་པ།
དེ་ཡང་རྒྱ་ནག་མི་དམངས་བཅིངས་བགྲོལ་དམག་དཔུང་གིས། བལ་ཡུལ་ནང་དུ་བོད་རང་དབང་གི་ལས་འགུལ་བཀག་འགོག་བྱ་རྒྱུར་བལ་ཡུལ་དམག་དཔུང་གིས་སྔར་བས་དྲག་གནོན་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཅངས་བཞིན་ཡོད་པ་རེད་།
ཕྱི་ཟླ་གསུམ་པའི་ཚེས་༣༡ཉིན་སྤེལ་བའི་གནས་ཚུལ་ནང་དུ་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་དམག་སྤྱི་Xu Qiliangགིས་། དེང་སྐབས་རྒྱ་ནག་ཏུ་འཚམས་འདྲི་གནང་བཞིན་པའི་བལ་ཡུལ་གྱི་དྲག་པོའི་དམག་དཔུང་གི་འགོ་ཁྲིད་Rajendra Chhettriལ་རྒྱ་ནག་དང་བལ་ཡུལ་རྒྱལ་ཁབ་གཉིས་པོའི་སྲུང་སྐྱོབ་ཀྱི་ཐབས་ཇུས་ལས་དོན་ཐད་སྔར་ལས་མཉམ་ལས་གཏིང་གཟབ་ཏུ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་དང་། དེ་བཞིན་ཉེ་ཤས་སྔོན་དེར་རྒྱ་ནག་གི་སྲིད་འཛིན་Xi Jinpingགིས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་PK Sharma Oliལ་། རྒྱ་ནག་གི་ཕྱོགས་ནས་བལ་ཡུལ་གྱི་ལྷན་དུ་དུས་ཡུན་རིང་པོའི་ཐབས་ཇུས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཡོད་ལུགས་བཤད་ཡོད་པ་རེད་།
བལ་ཡུལ་གྱི་དྲག་པོའི་དམག་དཔུང་གི་འགོ་ཁྲིད་སྐུ་ཞབས་Rajendra Chhettriཕྱི་ཟླ་གསུམ་པའི་ཚེས་༢༧རེས་གཟའ་ཉི་མའི་ཉིན། རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པའི་ཉིན་དེར་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་PK Sharma Oliམཆོག་རྒྱ་ནག་ཏུ་གཟའ་འཁོར་གཅིག་གི་འཚམས་འདྲི་གྲུབ་ཏེ་བལ་ཡུལ་དུ་ཕྱིན་ལོག་གནང་ཡོད་པ་རེད།
རྒྱ་ནག་གི་གསར་ཤོག་ཐོག་ལ་རྒྱ་ནག་གི་དམག་དོན་འགོ་ཁྲིད་Xuཡིས། རྒྱ་ནག་ཏུ་འཚམས་འདྲི་བྱེད་བཞིན་པའི་བལ་ཡུལ་གྱི་དམག་དོན་འགོ་ཁྲིད་Chhettriལ། ད་རེས་བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་འགོ་ཁྲིད་ཕན་ཚུན་ཆབ་སྲིད་གནད་དོན་ཐོག་ལག་བསྟར་བྱ་རྒྱུའི་མོས་མཐུན་བྱུང་བ་ལྟར་རྒྱལ་ཁབ་ཀྱི་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་སྲུང་སྐྱོབ་ཀྱི་ཐབས་ཇུས་མཉམ་འབྲེལ་གྱི་ལས་དོན་ཤུགས་ཆེ་གཏོང་དགོས་པའི་སྐོར་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་ལུགས་བཀོད་ཡོད།
ད་དུང་ཕྱི་ཚེས་༢༩ཉིན་གྱི་ལྷན་ཚོགས་ཐོག་ལ་Xuནས་བལ་ཡུལ་དམག་དཔུང་གིས་བལ་ཡུལ་ས་ཁོངས་སུ། རྒྱ་ནག་ཐོག་ངོ་རྒོལ་གྱི་ལས་འགུལ་སླེལ་མ་བཅུག་པར་བཀག་འགོག་གི་ལས་དོན་ལམ་ལྷོངས་བྱུང་ལུགས་བསྔག་བརྗོད་བྱས་པ་མ་ཟད་། མུ་མཐུད་ནས་རྒྱ་ནག་དང་ལྷན་དུ་སྲུང་སྐྱོབ་དང་རྒྱལ་སྲུང་། གནས་ཚུལ་བརྗེ་ལེན་། འགྲོ་བ་མིའི་བདེ་རྩའི་ལས་དོན་དང་། རང་འབྱུང་གི་གནོད་འཚེ་བཀོད་བསྡོམས་ཀྱི་ལས་དོན་མུ་མཐུད་མཉམ་ལས་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།