ཆུ་ལོག་གི་གནོད་འཚེ་ཕོག་མིར་བོད་མིས་རོགས་རམ།
2011.10.03
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་གྱི་གཞིས་འགོ་བདེ་དོན་ངག་དབང་ཡོན་ཏན་ལགས་ཀྱིས་ཕྱི་ཟླ་༩ཚེས་༣༠ཉིན་བོད་མི་༤༠ཙམ་སྣེ་འཁྲིད་གནང་ནས་ ཉེ་དུས་ཆུ་ལོག་གི་གོད་ཆགས་ཚབས་ཆེ་ཕོག་པའི་ཨོ་རི་ས་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་དང་རོགས་རམ་གནང་ཆེད་རྒྱལ་ས་སྦུ་བ་ནེསི་ལྦར་ལ་ཕེབས་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་སྒོར་མོ་འབུམ་གསུམ་གྱི་རོགས་རམ་དང༌། ཨོ་རི་ས་གཞིས་ཆག་གི་བོད་མི་ཚོས་ཞལ་འདེབས་མ་དངུལ་ཁྲི་ལྔ་ཙམ་བསྡུ་རུབ་གནང་བའི་ ཁྱོན་སྒོར་མོ་འབུམ་གསུམ་དང་ཕྱེད་ཀ་ཙམ་ཞིག་བྱུང་ཡོད་པ་དེ་ནས་ གཞིས་འགོ་བདེ་དོན་ངག་དབང་ཡོན་ཏན་ལགས་དང་ཕྱག་རོགས་ཡེ་ཤེས་བསོད་ནམ་ལགས་གཉིས་ནས་སྒོར་མོ་འབུམ་གཅིག་དང་ཕྱེད་ཀའི་ ཅེཀ་འཛིན་ཞིག་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཕུལ་གནང་ཡོད་པ་དང༌། ལྷག་འཕྲོས་སྒོར་མོ་འབུམ་གཉིས་ཡོད་པ་དེ་ནས་ས་གནས་དེའི་མང་ཚོགས་ལ་ངལ་སེལ་རོགས་སྐྱོབ་ཆེད་བཟའ་ཆ་དང་གྱོན་གོས་སོགས་བགོས་འགྲེམས་གནང་འདུག།
ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ བོད་པ་ཚོའི་ངོས་ནས་རོགས་རམ་གནང་སྟངས་ལ་ཡིད་སྨོན་ཆེན་པོ་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཞལ་འདེབས་རྒྱ་གར་སྒོར་མོ་འབུམ་༡༠དང་ཐུགས་གསོའི་བཀའ་ཡིག་བསྩལ་གནང་མཛད་པ་དེར་དམིགས་བསལ་ཐུགས་རྗེ་ཞུས་གནང་འདུག། གོང་ཞུས་བོད་པའི་ཚོགས་པ་དེས་ ཨོ་རི་ས་ཁུལ་ཆུ་ལོག་གི་གོད་ཆག་ཕོག་པའི་ཁྱིམ་ཚང་༤༢༠ཐམ་པར་བཟའ་ཆ་དང་གྱོན་ཆས་ཀྱི་རོགས་རམ་མཁོ་འགྲེམས་གནང་བཞག།