དགེ་འདུན་པ་ཞིག་ནས་ཡོ་རོབ་གྲོས་ཚོགས་སུ་ཞུ་སྙན།

བོད་པའི་དགེ་འདུན་པ་ཞིག་གིས་ཡོ་རོབ་ཀྱི་ཡུལ་གྲུ་ཨའོསི་ཊི་རི་ཡའི་རྒྱལ་ས་ལྦིཡེ་ནར་ཡོ་རོབ་གྲོས་ཚོགས་སུ་ཞུ་སྙན་ཞིག་ཕུལ་འདུག

2012.05.26

༄༅༎བོད་ཀྱི་ཨ་མདོ་ཀན་ལྷོ་ཁུལ་ནས་ཡིན་པའི་བོད་རིགས་དགེ་འདུན་པ་ཞིག་གིས་ཕྱི་ཟླ་ ༥ ཚེས་ ༢༦ ཉིན། ཡོ་རོབ་ཀྱི་ཡུལ་གྲུ་ཨའོསི་ཊི་རི་ཡའི་རྒྱལ་ས་ལྦིཡེ་ནར་བོད་དོན་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་འཛོམས་ཉིན་མོ་སྲུང་བརྩི་ཞུ་བ་དང་བསྟུན་ཡོ་རོབ་གྲོས་ཚོགས་སུ་ཞུ་སྙན་ཞིག་ཕུལ་ཡོད་པ་དང༌། ཁོང་གི་ཞུ་སྙན་དེའི་ངོ་འདྲ་ཞིག་འདི་ག་རླུང་འཕྲིན་ཁང་དུ་ཕྱི་ཟླ་ ༥ ཚེས་ ༢༠ ཙམ་ལ་འབྱོར་སོན་བྱུང་ཡོད་པ་རེད།

བོད་ནང་བཞུགས་པའི་དགེ་འདུན་པ་དེའི་ཞུ་སྙན་དེའི་ནང༌།  ཁོང་གིས་བོད་གཞིས་བྱེས་ལྷན་འཛོམས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་ཐུབ་པ་དང་བོད་ཀྱི་བདེན་མཐའ་སེལ་བའི་ཆེད་དུ། ཡུ་རོབ་ནང་ཧ་ལས་དགོས་པའི་འདུ་འཛོམས་གནང་ཐུབ་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་ ཁོང་གིས་བོད་ཀྱི་ལོ་རྒྱུས་ལུང་འདྲེན་དང༌། རྒྱ་ནག་གཞུང་གིས་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་སོགས་ཀྱི་གནས་ལུགས་མང་དག་ཅིག་བཀོད་གནང་འདུག་པར་མ་ཟད།  ལྷག་པར་དུ་ཁོང་གིས་བོད་ཀྱི་ཀན་ལྷོ་ཁུལ་གྱི་དཔོན་རིགས་ཚོས། རྒྱ་ཡིག་དང་རྒྱ་སྐད་ཁོ་ན་བེད་སྤྱོད་དགོས་པ་དང་། དེ་མ་ཟད་སྲིད་གཞུང་ལ་འབུལ་རྒྱུུའི་སྙན་ཞུའི་ཡི་གེ་དེ་ཡང་རྒྱ་ཡིག་མ་གཏོགས་བོད་ཡིག་ཐོག་བྲིས་མི་ཆོག་པའི་སྲིད་བྱུས་ལག་ལེན་བསྟར་བའི་སྐོར་སོགས་བཀོད་ཡོད་པ་རེད།

དེ་བཞིན་ཁོང་གིས་། བོད་ནང་རི་ལིའི་ལྕགས་ལམ་དང་སྣུམ་ལམ་བཟོས་པའི་དམིགས་ཡུལ་གཙོ་བོ་ བོད་ཀྱི་གནའ་རྗས་ཤུལ་བཞག་རིག་གནས་གསེར་དངུལ་ཟངས་ལྩགས་ཀྱི་གཏེར་ཁ་རྡོ་སོལ་དང་ཚ་ ནགས་ཚལ་གཅོད་བྲེགས་ཀྱི་ཤིང་སྣ་སོགས་རྒྱ་ནག་ཏུ་སྐྱེལ་འདྲེན་བྱེད་རྒྱུའི་ཆེད་ཡིན་པ་བཀོད་པ་དང། ཡང་ཁོང་གི་ཡོ་རོབ་གྲོས་ཚོགས་སུ་ཕུལ་བའི་ཞུ་སྙན་དེའི་ནང་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་གནང་བའི་རྒྱུ་མཚན་གཙོ་བོ་ནི།  བོད་མི་རིགས་ཤིག་གི་བདེན་དོན་ཕྲག་ལ་དཔྱངས་པ་དང་། ཆོས་སྲིད་རིག་གནས་ཀྱི་ཆེད་དུ་ཡིན་པ་དང་ཁོང་རྣམས་ཀྱིས་བློས་གཏོང་གི་ཐོག་ནས་བོད་ལ་རང་དབང་མི་འདུག བོད་ལ་རང་དབང་དགོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་དགོས། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་འདེབས་ཞུ་བ་སོགས་ཀྱི་ཆེད་ཡིན་པ་བཀོད་འདུག།

ཞུ་སྙན་དེའི་ནང་ཁོང་རང་ཉིད་རྒྱ་མིའི་་བཙོན་ཁང་ནང་དཀའ་སྡུག་མྱོང་བའི་དངོས་བྱུང་ལོ་རྒྱུས་གླེང་ནས། མཐའ་མ་ཁོང་གིས་ཡུ་རོབ་གྲོས་ཚོགས་ལ་ཁོང་གིས་ཕུལ་བའི་ཞུ་སྙན་དེས་་ཁོང་གི་བདེ་འཇགས་ལ་ཉེན་ཁ་ཡོང་མིན་ཐད་ཐུགས་ཁྲལ་མི་དགོས་པར་དགོས་གལ་བྱུང་ཚེ་ཐད་ཀར་སྒྲོག་ཆོག་པའི་ཆོག་མཆན་ཡང་གནང་འདུག།

ཡིག་འབྲུ་ཆུང་ལ་ཤོག་གྲངས་ ༢༡ ཡོད་པའི་སྙན་ཞུ་དེའི་མཇུག་སྡོམ་ལ་ཚིགས་བཅད་ཤོ་ལོ་ཀ་འགའ་ཤས་འདུག་པ་དེའི་ཁྲོད་དུ་ཁོང་གིས།  སྐྱབས་གངས་རྭིའི་མགོན་པོའི་སྐུ་དོན་དང༌།  སྒོས་གངས་ཅན་བོད་མིའི་ལས་དོན་སླད། དོན་བདེན་པ་གླེང་བའི་དེབ་ཆུང་འདི། བོད་གཞིས་བྱེས་ཡོངས་ཀྱི་སྙན་ལམ་དུ། འགྲེམ་ཐུབ་ཚེ་བསད་ཀྱང་འགྱོད་པ་མེད་ཅེས་དང༌།  རྒྱ་ནག་ནག་པོའི་གདུག་རྩུབ་དྲག་པོ་ཡིས། བོད་ཁྲི་ཕྲག་མང་པོའི་ཚེ་སྲོག་འཕྲོགས། དེ་ཇི་བཞིན་གླེང་བའི་དེབ་ཐེར་ནག། བོད་གཞིས་བྱེས་ཡོངས་ཀྱི་སྙན་ལམ་དུ། འགྲེམ་ཐུབ་ཚེ་བསད་ཀྱང་འགྱོད་པ་མེད་ཅེས་བྲིས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎