༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་རྩོམ་སྣ་ཚོགས་པོད་༡༤༠ལྷག་ལྗགས་རྩོམ་གྲུབ་པར། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དབུས་ས་གཉིས་ནས་རིན་པོ་ཆེ་ལ་རྩོམ་རིག་གཟེངས་རྟགས་ཤིག་ཕུལ་ཡོད་པ།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་བཙན་བྱོལ་དུ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དེ་བཞིན། ཕྱི་ཟླ་ ༨ པའི་ཚེས་ ༢༤ ཉིན་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་པའི་ཐོག ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བསྐྱར་གསོའི་སླད་མཛད་རྗེས་བཀའ་དྲིན་རྒྱ་ཆེ་བསྐྱངས་པ་མ་ཟད། ལྷག་པར་གསུང་རྩོམ་སྣ་ཚོགས་པོད་ ༡༤༠ ལྷག་ལྗགས་རྩོམ་གྲུབ་ཡོད་པ་སོགས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཡན་ལག་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་མཉམ་རུབ་ཀྱི་ཐོག་ནས། རིན་པོ་ཆེ་མཆོག་ལ་རྩོམ་རིག་གཟེངས་རྟགས་ཤིག་ཕུལ་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཉིས་ཀྱི་ཕྱག་ནས་ཀིརྟི་རིན་པོ་ཆེ་མཆོག་ལ་འབུལ་ལམ་ཞུས་རྗེས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཁོང་གི་རྩོམ་ཡིག་སྣ་མང་ཞིག་ཡོད་པ་དེར་བོད་ཕྱི་ནང་གཉིས་ཀར་ཕན་ཐོགས་བྱུང་བར་ཆེ་མཐོང་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་གི་རྩོམ་ཡིག་བོད་ནང་དཔར་བརྒྱབ་པར་བརྟེན་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་དང་། སློབ་དེབ་ཁག་བོད་ནང་བཀྲམ་མི་ཆོག་པའི་བཙན་བཀའ་བཏང་བ། པར་ཁང་དུ་དངུལ་བཏང་བ་གཞུང་བཞེས་ཀྱི་དཀའ་ངལ་སོགས་བྱུང་མྱོང་སྐོར་གསལ་སྟོན་གནང་སོང་།
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། བོད་ནང་དེང་སང་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་འཛིན་བཞིན་པའི་སྐསབ་འདིར། བོད་ཡིག་སྲུང་སྐྱོབ་ཐད་བཙན་བྱོལ་བོད་མི་ཚོས་འགན་ཆེ་ཙམ་བཞེས་དགོས་པ་དང་། ཀིརྟི་རིན་པོ་ཆེ་མཆོག་གིས་བརྗོད་གཞི་སྣ་ཚོགས་ཀྱི་སྟེང་དེབ་༡༤༩བྲིས་གནང་སྟེ་སྐུ་ལས་ཆེན་པོ་བསྐྱོན་ཡོད་པ་སོགས་གདེང་འཇོག་གནང་གི་འདུག མ་ཟད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་། ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ལོ་རྒྱུས་སོགས་ཀྱི་ཐོག་མཛད་རྗེས་ཆེན་པོ་བཞག་གནང་བར་ངོས་འཛིན་ཡོད་པ་གསལ་སྟོན་གནང་ཞིང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས།རྒྱ་ནག་གཞུང་གིས་ལོ་ལྔ་ཚན་གྱི་འཆར་གཞིའི་ནང་ཚང་མ་རྒྱ་ནག་གི་སྐད་ཡིག་བཤད་མཁན་དུ་བསྒྱུར་བའི་ལས་འགུལ་སྤེལ་བཞིན་ཡོད་པས། ཛ་དྲག་གནས་སྟངས་དེར་བརྟེན་ང་ཚོས་ཀྱང་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་ལ་ཤུགས་བསྐྱོན་དགོས་པ་གསལ་སྟོན་གནང་གི་འདུག
བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བོད་མི་རིགས་ཀྱི་ངོ་བོ་བཙན་བསྒྱུར་བྱེད་བཞིན་པའི་གནས་སྐབས་འདིར། བོད་ཀྱི་རིག་གཞུང་སྐད་ཡིག་བརྟན་སྲུང་བྱ་དགོས་པའི་བརྡ་ལན་མཚོན་ཆེད། སྐད་ཡིག་རིག་གནས་ཐོག་ནུས་པ་ཆེན་པོ་བཏོན་གནང་མཁན་ཀིརྟི་རིན་པོ་ཆེ་མཆོག་ལ་རྩོམ་རིག་གཟེངས་རྟགས་འདི་ཕུལ་རྒྱུའི་ཐག་གཅོད་བྱུང་བའི་སྐོར། པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
མདོ་སྨད་ཀྱི་བླ་ཆེན་གྲས་དང་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས། དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་དང་སློབ་དེབ་བློ་གསལ་མགུལ་རྒྱན་སོགས། ཆོས་སྲིད་བསླབ་བྱ་སྣ་ཚོགས་དང་འབྲེལ་བའི་ལྗགས་རྩོམ་པོད་༡༤༠ལྷག་མཛད་ཡོད་པས། དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་དང་སྤྱི་ཟུར་བེ་རི་འཇིགས་དབང་རྒྱལ། འབུམ་རམས་པ་སློབ་དཔོན་བསོད་ནམས་རྒྱལ་མཚན་དང་ནཱ་ག་སངས་རྒྱས་བསྟན་དར་སོགས་ཀྱིས། མཛད་སྒོ་འདི་དང་འབྲེལ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁག་གི་ཐོག་མཁས་པའི་བགྲོ་གླེང་ཞིག་ཀྱང་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།