གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལས་དོན་སྐོར།
2009.05.26
༄༅༎དེང་སྐབས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་སོ་ལི་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལས་དོན་ཐད་མཉམ་འབྲེལ་བྱས་ཚེ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ངོ་བོར་འགྱུར་བ་འགྲོ་སྲིད་པ་ཡིན་པ་གསུངས་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོས་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་ཚོང་དོན་ལྷན་ཚོགས་ཐོག་གསུང་བཤད་ཅིག་གནང་སྐབས་ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་ནི་འཛམ་གླིང་ནང་གི་ཁོར་ཡུག་སྦག་གཙོག་གི་དུག་རླངས་གཏོང་མཁན་མང་ཤོས་དེ་གཉིས་ཡིན་སྟབས་གཉིས་ཀ་ཟུང་འབྲེལ་གྱི་ཐོག་ནས་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་གནད་དོན་ལ་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་ངོ་བོར་འགྱུར་བ་གཏོང་བའི་གནད་དོན་ཞིག་ཡིན་པས་ང་ཚོས་གོ་སྐབས་འདི་མ་ཤོར་བ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
ལྕམ་ནེན་སི་པེ་ལོ་སིས་གསུང་བཤད་དེ་གནང་པའི་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལི་ཤའོ་ཅིང་དང་ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་པོ་ཀྲུ་ལྦེན་ཀྲོང་སོགས་ཡོད་ཅིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཀྱི་ལས་དོན་ཚགས་ཚུད་ཀྱི་ངང་སྤེལ་ཐུབ་པ་ཡོང་རྒྱུར་ཆབ་སྲིད་ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་དགོས་པ་དེ་བཞིན་འགན་ལན་ཡོད་པ་སོགས་ངེས་པར་དགོས་ཀྱི་རེད་ཅེས་གསུངས་ཀྱང་དངོས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་གང་ཡང་གསུངས་མེད་པ་རེད།
ལྕམ་ནེན་སི་པེ་ལོ་སི་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་རྒྱ་་ནག་གིས་བོད་ཐོག་བཟུང་པའི་སྲིད་བྱུས་ལ་ངོ་རྒོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་ན་ཡང་ད་རེས་རྒྱ་ནག་ཏུ་དངོས་སུ་ཕེབས་སྐབས་ཁོང་གིས་ཐུགས་བརྩེ་ཆེན་པོ་གནང་ཡུལ་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་རྒྱ་ནག་གི་དབུ་འཁྲིད་རྣམས་དང་བཀའ་མོལ་གནང་མིན་ཚོད་དཔག་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།
ཨ་མི་རི་ཀ་དང་རྒྱ་ནག་གཞུང་དབར་མཁའ་རླུང་སྦག་གཙོག་གི་དུག་རླངས་ཚད་གཞི་ཉུང་དུ་གཏང་རྒྱུའི་ཐད་གྲོས་མཐུན་ཞིག་ཡོང་མིན་གྱི་གནད་དོན་འདི་ནི་འདི་ལོ་ལོ་མཇུག་ཏུ་ཡོ་རོབ་ཡུལ་གྲུ་སུལྦེ་ཌེན་དུ་ཚུགས་རྒྱུའི་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་ཐོག་མང་མོས་གྲོས་མཐུན་བབྱུང་མིན་ཐད་ཀྱི་གཙོ་གནད་ཅིག་ཆགས་ཀྱི་ཡོད་པ་རེད༎