སྤང་རི་སྣ་རིན་པོ་ཆེ་མཆོག་མི་ལོ་བརྒྱད་ཀྱི་རྗེས་བཙོན་བཀྲོལ་བྱུང་བ།
2016.04.19
དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་བཙོན་བཀྲོལ་བྱུང་ནས་ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་ལ་བཞུགས་བཞིན་པ་རེད།
དེ་ཡང་འབྲེལ་ཡོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་ནས་འཛིན་བཟུང་དང་། ༢༠༠༩་ལོར་བཙོན་བཅུག་ཁྲིམས་ཐག་བཅད་པའི་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ཉིན་ཤས་གོང་བཙོན་བཀྲོལ་བྱུང་ཡོད་པ་རེད།
སྤྱི་ཟླ་༤་ཚེས་༡༧་གྱི་སྔ་དྲོ་ཚོུད་བདུན་དང་ཕྱེད་ཀ་ཙམ་ལ་གློད་བཀྲོལ་ཐོབ་ཡོད་འདུག་ཅིང་། ཐོག་མར་འདི་ག་རླུང་འཕྲིན་ཁང་དུ་སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་ཁོང་གི་ཕ་ཡུལ་དུ་འབྱོར་ཟིན་ཡོད་ལུགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་ཀྱང་། དེ་རིང་ཕྱི་ཚེས་༡༩་ཉིན་འདི་གའི་གསར་འགོད་པ་བསོན་ནམས་དབང་འདུད་ལགས་བརྒྱུད་གནས་ཚུལ་ཅུང་གསལ་ཙམ་ཤེས་རྟོགས་བྱུང་བར་གཞིགས་ན། སྤང་རི་སྣ་རིན་པོ་ཆེ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འགྲམ་གྱི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་རྗེས་ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་ནང་གནས་སྐབས་བཞུགས་བཞིན་ཡོད་འདུག།
གནས་ཚུལ་རྒྱུས་མངའ་ཡོད་པའི་མི་ཁག་གཅིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། སྤང་རི་སྣ་རིན་པོ་ཆེ་མཆོག་ཕྱི་ཚུལ་ནས་སྐུ་གཟུགས་བདེ་ཐང་ཡོད་པའི་རྣམ་པ་མངོན་རྒྱུ་ཡོད་འདུག་ན་ཡང་། དོན་དངོས་སྐུ་གཟུགས་ཀྱི་གནས་བབས་ཇི་ལྟར་ཡོད་མིན་ད་བར་ཤེས་རྟོགས་གསལ་པོ་མེད་པ་རེད་འདུག།
འབྲེལ་ཡོད་མི་སྣས་བརྗོད་ན། ད་དུང་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་ཁང་ནང་ཉེན་རྟོག་པས་ཉེས་རྡུང་བཏང་བ་དང་། ཞལ་ལག་ཡག་པོ་མ་ཕུལ་བ་སོགས་སྡུག་སྦྱོང་ཚད་མེད་བཏང་བའི་རྐྱེན་གྱིས་དེ་སྔ་བཙོན་ཁང་ནང་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པའི་དཀའ་ངལ་ལོ་ཤས་གོང་ནས་འཕྲད་ཡོད་པ་བརྗོད་བྱུང་།
གནས་ཚུལ་ལྟར་ན། རྒྱ་གཞུང་གིས་སྤང་རི་སྣ་དང་། ཡར་སྟེང་བཙུན་དགོན་གཉིས་ཀྱི་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤེལ་བར་ཁོང་གིས་ངོ་རྒོལ་བྱས་པ་དང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཡིག་ཆར་མཚན་རྟགས་མ་བཀོད་པ། དེ་བཞིན་བཙུན་མ་ལྔ་བཅུ་ང་བཞིའི་དུས་གཅིག་ཏུ་དཀར་མཛེས་རོང་ཐོག་ཏུ་ཞི་བའི་ཁྲོམ་སྐོར་བྱས་པ་སོགས་དང་འབྲེལ་བ་ཡོད་ཚུལ་གྱིས་༢༠༠༩ལོའི་ཟླ་༡༢་ཚེས་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་ཀྱི་བཅད་ཁྲ་བཏང་བ་ཡིན་པ་རེད།
སྤང་རི་སྣ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༡༩༥༧་ལོར་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་བེ་རི་སྡེ་པ། གསེར་མཁར་ཡུལ་ཚོར་སྐུ་འཁྲུངས་བ་དང་། རིན་པོ་ཆེ་མཆོག་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་། ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཀྱང་ཡིན་པ་རེད། དེ་དང་ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས། སྤང་རི་སྣ་བཙུན་དགོན་དུ་རྒས་གསོ་ཁང་ཞིག་ཀྱང་འཛིན་སྐྱོང་གནང་བཞིན་ཡོད་པ་བཅས་གང་ལྟར་ས་གནས་ཡུལ་མི་ཚོས་རིན་པོ་ཆེ་མཆོག་གི་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་སྟངས་ལ་དགའ་མོས་དང་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་ལྡི་ལི་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསོད་ནམས་དབང་འདུས།