བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པ།
2014.03.09

༄༅༎ཕྱི་ཟླ་༣ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་ནགས་ལྷ་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག
དེ་ཡང་བོད་ཀྱི་དུས་བབ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་དང་། རྒན་བསྟན་འཛིན་ཆོས་གྲགས་ལགས། ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་འབྲི་རུ་སྐལ་བཟང་ལགས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་དང༌། ཡང་ཚོགས་འདུའི་ཐོག་ས་རཱ་མཐོ་སློབ་དང་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། སུ་ཇཱ། གྷོ་པལ་པུར། དེ་མིན་དྷ་ས་ཉེ་འཁོར་གྱི་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་གི་རིགས་གཅིག་རྐང་འཛིན་པ་བཅས་ཁྱོན་སློབ་མ་ ༥༠ ཙམ་མཉམ་ཞུགས་གནང་ཡོད་འདུག བགྲོ་གླེང་གི་བརྗོད་གཞི་ཁག་ནི། ཐོན་མི་སམ་བྷོ་ཊ་མ་ཕེབས་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་དང་། དེའི་སྐབས་ཀྱི་མི་རྣམས་ཕན་ཚུན་བརྡ་སྤྲོད་བྱེད་སྟངས་སོགས་ཀྱི་སྐོར།བོད་ཀྱི་ཡི་གེ་འདི་འཛམ་གླིང་ཐོག་རྩ་ཆེ་ཆུང་གང་འདྲ་ཡིན་པ་དང་།འདི་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་མེད།རྒྱུན་དུ་ང་ཚོས་བོད་ཀྱི་སྐད་ཡིག་ལ་བདག་གཅེས་གང་འདྲ་བྱེད་དགོས་པའི་སྐོར་སོགས་ཡིན་འདུག གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན། ནགས་ལྷ་རྩོམ་སྒྲིག་ཁང་གིས་འདས་པའི་ལོ་ལྔའི་ནང་། ༼ནགས་ལྷའི་སྒྲོན་མེ།༽ཞེས་པའི་དུས་དེབ་འདོན་ཐེངས་ ༥ དང་།གནའ་དེང་གི་རིག་གཞུང་དང་འབྲེལ་བའི་རྩོམ་རིག་སྣ་མང་།ནང་ཆོས་དང་བརྡ་སྤྲོད་རིག་པའི་མཁས་པའི་སློབ་ཁྲིད་ལྟ་ཉན་ཆོག་པའི་རིག་གཞུང་དྲ་མཛོད། བོད་ཀྱི་བརྡ་སྤྲོད་སྐོར་གྱི་སྙན་རྩོམ་འགྲན་བསྡུར། བརྡ་སྤྲོད་རིག་པའི་བགྲོ་གླེང་སོགས་གོ་སྒྲིག་ཞུས་ཡོད་པའི་འདུག།